数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྲོང་བཙན་སྒམ་པོ་དང་གུང་སྲོང་གུང་བཙན་སྐོར་གྱི་བསམ་གཞིག

དང་པོ། གུང་སྲོང་གུང་བཙན་ནི་གནམ་རི་སྲོང་བཙན་གྱི་སྲས་སུ་འཁྲུངས་པའི་བཞེད་ལུགས་ཀྱི་སྐོར།

བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་སྲོང་བཙན་སྒམ་པོ་ལ་སྲས་ཡོད་མེད་ཀྱི་རྩོད་པ་ཆེ་སྟེ་གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པོའི་སྲས་མིན་པར་གནམ་རི་སྲོང་བཙན་གྱི་སྲས་ཡིན་པར་འདོད། སྲོང་བཙན་སྒམ་པོ་དང་གུང་སྲོང་གུང་བཙན་ནི་ཡབ་སྲས་ཀྱི་འབྲེལ་བར་མ་ཆགས་པར་གཅེན་གཅུང་གི་འབྲེལ་བར་གྱུར་བ་རེད། འབྲི་གུང་སྐྱབས་མགོན་ཆེ་ཚང་གིས《བོད་བཙན་པོའི་རྒྱལ་རབས》སུ“སྤུ་རྒྱལ་གུང་སྲོང་གུང་བཙན་ནི། ཡབ་གནམ་རི་སྲོང་བཙན་དང་། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོག་གཉིས་ཀྱི་སྲས་སུ། ལྕགས་སྤྲུལ་སྤྱི་ལོ621ལོར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་སྐུ་བལྟམས།”ཞེས་བཀོད་པ་དང་། ཐུབ་བསྟན་ཕུན་ཚོགས་ཀྱིས《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》ཏུ“སྤུ་རྒྱལ་སོ་གཉིས་པ་ཆོས་ལྡན་རྒྱལ་རབས་སོ་གཉིས་པ་རྒྱལ་པོ་གུང་རི་གུང་བཙན་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་དང་། ཡུམ་འབྲི་བཟའ་ཐོད་ཀར་གཉིས་ཀྱི་སྲས་སུ་སྤྱི་ལོ621པ་ལྕགས་སྤྲུལ་ལོར་སྐུ་བལྟམས། ”ཞེས་བཀོད་ཡོད། གལ་ཏེ་གུང་སྲོང་གུང་བཙན་ནི་གནམ་རི་སྲོང་བཙན་གྱི་སྲས་ཡིན་དགོས་ན་བཙན་པོ་མང་སྲོང་མང་བཙན་སྐབས་ཀྱི་སྤྱི་ལོ650ལོའི་ལོ་རྒྱུས་དོན་ཆེན་གནད་བསྡུས་ཀྱི་ཁྲོད་ན“བཙན་པོ་མྱེས་ཁྲྀ་སྲོང་རྩན་དང་སྦོན<དབོན>ཁྲྀ་མང་སློན་མང་རྩན”ཞེས་བཀོད་པར་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་ནི་མྱེས་དབོན་གྱི་འབྲེལ་བར་ཡོད་པ་ལས་གནམ་རི་སྲོང་བཙན་དང་མང་སྲོང་མང་བཙན་གཉིས་མྱེས་དབོན་གྱི་འབྲེལ་བ་ཡིན་ཚུལ་བཤད་མེད། གལ་ཏེ་གུང་སྲོང་གུང་བཙན་དང་སྲོང་བཙན་སྒམ་པོ་གཉིས་གཅེན་གཅུང་དང་མང་སྲོང་མང་བཙན་གཅུང་གི་སྲས་ཡིན་ན་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་བར་ཁུ་དབོན་གྱི་འབྲེལ་བ་ལས་མྱེས་དབོན་གྱི་འབྲེལ་བ་ཆགས་མི་ཐུབ། དེའི་ཕྱིར་གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པོའི་སྲས་ཡིན་པ་ལས་གནམ་རི་སྲོང་བཙན་གྱི་སྲས་མིན་པ་ཤིན་ཏུ་གསལ། ཡང་ཡིག་ཆ་འགའ་རེ་ན་སྲོང་བཙན་སྒམ་པོས་དགུང་ལོ་སོ་དྲུག་མ་གཏོགས་མ་ཐུབ་པས་དེ་ལ་སྲས་ཤིག་འཁྲུངས་ན་ཆོག་ཡང་སྲས་ལ་སྲས་ཤིག་འཁྲུངས་ཁོམ་མེད་པས་གུང་སྲོང་གུང་བཙན་ནི་སྲོང་བཙན་གྱི་སྲས་ཡིན་ཡང་མང་སྲོང་མང་བཙན་ནི་གུང་སྲོང་གུང་བཙན་གྱི་སྲས་མ་ཡིན་པར་སྲོང་བཙན་སྒམ་པོའི་གཅུང་བཙན་སྲོང་གི་སྲས་ཡིན་པར་འདོད་པ་རེད། དེ་ལྟར་ཡིན་སྲིད་པའི་དབང་དུ་བཏང་ན་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་བར་གོང་ལྟར་ཁུ་དབོན་གྱི་འབྲེལ་བ་ལས་མེས་དབོན་གྱི་འབྲེལ་བ་བྱུང་མེད་པས་དེ་ཡང་དག་པར་མ་མཐོང་།

གཉིས་པ། གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་གྱི་སྲས་སུ་འཁྲུངས་པའི་བཞེད་ལུགས་ཀྱི་སྐོར།

བོད་ཀྱི་དུས་རབས་སྔ་མ་སྔ་མའི་མཁས་པ་དག་གི་ལོ་རྒྱུས་དེབ་ཐེར་ན་གུང་སྲོང་གུང་བཙན་ནི་ཡོངས་གྲགས་ལྟར་སྲོང་བཙན་སྒམ་པོའི་སྲས་ཡིན་པར་བཤད་ཡོད། ཚལ་བ་ཀུན་དགའ་རྡོ་རྗེས《དེབ་ཐེར་དམར་པོ》རུ“དེ་ནས་མོང་བཟའ་ཁྲི་བཙུན་གྱི་སྲས་གུང་སྲོང་གུང་བཙན་ཆབ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་ཡབ་ཀྱི་གོང་དུ་འདས། དེའི་སྲས་མང་སྲོང་མང་བཙན་མེ་ཕོ་ཁྱི་ལ་འཁྲུངས།”ཞེས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་བཙུན་མོ་ཆུང་མ་མོང་བཟའ་ཁྲི་ལྕམ་ལས།།ལྷ་སྲས་གུང་སྲོང་གུང་བཙན་ཞེས་བྱ་བ།།ནོར་བུ་འཛིན་དབང་མངོན་སུམ་མི་གཟུགས་སུ།།བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་འཁྲུངས།།”ཞེས་སྲོང་བཙན་སྒམ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་ལས་འཁྲུངས་ཚུལ་དང་། “གུང་སྲོང་གུང་བཙན་རྒྱལ་སར་དབང་བསྐུར་ཏེ།།དེ་ཡི་ལྷ་སྲས་མང་སྲོང་མང་བཙན་འཁྲུངས།།གུང་སྲོང་ཆབ་སྲིད་ལོ་ལྔ་མངའ་མཛད་ནས།།བཅོ་བརྒྱད་བཞེས་ཚེ་པོ་ཊ་ལ་རུ་གཤེགས།།”ཞེས་པ་དང་། “གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས།།གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད།།མིང་ནི་གུང་ཆེན་གུང་རི་ལགས་སོ་སྐད།།སླར་ཡང་ཡབ་ཀྱིས་རྒྱལ་སྲིད་ཆོས་བཞིན་མཛད།།”ཅེས་བཀོད། རྒྱལ་དབང་ལྔ་བ་ཆེན་མོས《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“དེ་ནས་རྒྱ་བཟའ་དང་བལ་བཟའ་གཉིས་ལ་སྲས་མ་བྱུང་བར། རུ་ཡོང་བཟའ། ཞང་ཞུང་བཟའ། མོང་བཟའ་ཁྲི་ལྕམ་རྣམས་ཁབ་ཏུ་བཞེས་པར། སྔོན་མ་གཉིས་ལ་སྲས་མ་བྱུང་བར། བྲག་ལྷ་དང་། ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས། མོང་བཟའ་ལ་སྲས་གུང་རི་གུང་བཙན་འཁྲུངས།”ཞེས་བཀོད་པ། དཔལ་འབྱོར་བཟང་པོས《རྒྱ་བོད་ཡིག་ཚང་ཆེན་མོ》རུ“རྗེ་དེ་དང་། མོང་བཟའ་ཁྲི་ལྕམ་གྱི་སྲས། གུང་སྲོང་གུང་བཙན། བློན་པོ་ནི་མང་སོ་རྗེ་ཞང་སྣང་། སྣུབས་བཙན་དོ་རེ་བྱས། ཆབ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་འདས་ནས། སླར་ཡང་ཡབ་ཀྱི་རྒྱལ་སྲིད་བཟུང་བ་ཕྱེད་མར་བགྲང་།”ཞེས་བཀོད། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས《རྒྱལ་རབས་གསལ་བའི་མེ་ལོང》དུ“དེ་ནས་སྟོད་ལུང་མང་གི་ནང་ནས། མང་བཟའ་ཁྲི་ལྕམ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་གཅིག་འཁྲུངས་པར་ལུང་གིས་བསྟན་ཏེ། ཟླ་བ་དགུ་ངོ་བཅུ་ལོན་པ་ན། སྲས་གུང་རི་གུང་བཙན་ཞེས་པ། རྒྱལ་པོའི་གདུང་བརྒྱུད་འགྲན་ཟླ་དང་བྲལ་བ་ཅིག་ལྕགས་མོ་སྤྲུལ་གྱི་ལོ་ལ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་དུ་འཁྲུངས། དེ་ནས་སྲས་གུང་རི་གུང་བཙན་དགུང་ལོ་བཅུ་གསུམ་བཞེས་ནས། རྒྱལ་སྲིད་བཟུང་བཙུན་མོ་ཁབ་ཏུ་བཞེས་པས། སྲས་མང་སྲོང་མང་བཙན་བྱ་བ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་སོ།། གུང་རི་གུང་བཙན་གྱིས་རྒྱལ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་བཞེས་དུས། པོ་ཏ་ལ་རུ་སྐུ་གཤེགས་སོ།”ཞེས་བཀོད། འགོས་ལོ་གཞོན་ནུ་དཔལ་གྱིས《དེབ་ཐེར་སྔོན་པོ》རུ“ལྕགས་ཕོ་ཁྱི་ལ་སྲོང་བཙན་སྒམ་པོ་འདས། དེའི་སྲས་གུང་སྲོང་གུང་བཙན། སྔར་ནས་འདས་ཤིང་། མང་སྲོང་མང་བཙན་ལོ་བཅུ་གསུམ་ལོན་པ་ན་རྒྱལ་སར་བཏོན།”ཞེས་སྲོང་བཙན་སྒམ་པོའི་སྲས་འཁྲུལ་མིན་ཡིན་པ་སྒྲུབ་བཞིན་འདུག

《བཀའ་ཐང་སྡེ་ལྔ》རུ“གནམ་རི་སྲོང་བཙན་སྲས་ནི་སྲོང་བཙན་སྒམ།།དེ་ཡི་སྲས་ནི་མང་སྲོང་མང་བཙན་ཡིན།།དེ་ཡི་སྲས་ནི་གུང་སྲོང་གུང་སྲོང་གུང་བཙན་ཡིན།།”ཞེས་དང་བུ་སྟོན་རིན་ཆེན་གྲུབ་ཀྱིས《བུ་སྟོན་ཆོས་འབྱུང》དུ“རྒྱལ་པོ་དེའི<སྲོང་བཙན་སྒམ་པོ།>སྲས་མང་སྲོང་མང་བཙན།(མོང་བཟའ་ཁྲི་བཙུན་གྱི་སྲས། ཆབ་སྲིད་ལོ་ལྔ་བཟུང་ལོ་བཅོ་བརྒྱད་ལ་འདས།) དེའི་སྲས་གུང་སྲོང་གུང་བཙན།(ལོ་བཅོ་ལྔར་སྲིད་བཟུང་ཉི་ཤུ་རྩ་བཞིར་འདས།) ”ཞེས་པ་ལྟར་མང་སྲོང་མང་བཙན་དང་གུང་སྲོང་གུང་བཙན་ཡབ་སྲས་གོང་འོག་ནོར་བ་རེ་བྱུང་བ་ལས་སྲོལ་རྒྱུན་མཁས་པ་ཚོའི་ཆོས་འབྱུང་ལོ་རྒྱུས་སུ་སྲོང་བཙན་ལ་སྲས་མེད་པ་དང་གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པོའི་སྲས་མིན་ཚུལ་གླེང་གི་མེད།

གསུམ་པ། གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པའི་སྲས་སུ་འཁྲུངས་པའི་མཐའ་དཔྱད།

སྲོང་བཙན་སྒམ་པོ་ལ་སྲས་མེད་པ་དང་གུང་སྲོང་གུང་བཙན་སྲས་མིན་ཚུལ་ནི་རྒྱའི་ཐང་ཡིག་ལ་བསྟེན་ནས་བྱུང་བ་རེད།《ཐང་ཡིག་རྙིང་མ》རུ“སྲོང་བཙན་གྱི་བུ་སྔ་མོ་ནས་ཚེ་ལས་འདས་པས། ཚ་བོ་ཚབ་ཏུ་ཁྲིར་བཀོད་ཅིང་དེར་བཙན་པོའི་མིང་བཏགས།”པ་དང་《ཐང་ཡིག་གསར་མ》རུ“སྲོང་བཙན་ལ་སྲས་མེད་པས་ཚ་བོ་ཞིག་ཁྲི་ལ་བཀོད།”ཅེས་གསུངས་ཡོད་པར་བལྟས་ན《ཐང་ཡིག་གསར་མ》ནི《ཐང་ཡིག་རྙིང་མ》ཡི་རྨང་གཞིའི་སྟེང་བྲིས་པས་འདིར་སྲོང་བཙན་སྒམ་པོ་ལ་སྲས་མེད་བྱ་བ་ནི་སྔ་མོ་ནས་སྲས་འདས་པས་རྒྱལ་སྲིད་འཛིན་པའི་སྲས་མ་ཡོད་པར་རང་གི་ཚ་བོ་ཁྲི་ལ་བཀོད་ཟེར་བའི་དོན་ཡིན་གྱི་སྲོང་བཙན་སྒམ་པོ་ལ་སྲས་གཏན་ནས་མ་བྱུང་བར་རབས་ཆད་པའི་དོན་མིན། ཡིན་ཡང་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པའི་ཁྲོད་དུ་རྒྱའི་ཡིག་ཚང་ན་སྲོང་བཙན་སྒམ་པོ་ལ་སྲས་མེད་ཚུལ་དང་ཡང་ན་སྲོང་བཙན་སྒམ་པོའི་སྲས་སྔ་མོ་ནས་གཤེགས་པར་སྟོན་པ་ལས་སྲས་མེད་ཚུལ་གླེང་མེད་ཅེས་ལྟ་བ་འགལ་འདུ་ཅན་གཉིས་བྱུང་བ་རེད། 《ཐང་ཡིག》གཉིས་ཀྱི་ལྟ་བ་ལ་ཁུངས་མ་བཅོལ་ཀྱང་ཏུན་ཧོང་གཏེར་ཡིག་ལས་འོ་ལྡེ་སྤུ་རྒྱལ་པའི་གདུང་རབས་རིམ་བྱོན་ནང“སྲོང་ལྡེ་བཙན་དང་། མོང་ཟ་ཁྲྀ་མོ་མཉེན་ལྡོང་སྟེང་དུ་བཤོས་པ་འྀ་སྲས། གུང་སྲོང་གུང་རྩན། གུང་སྲོང་གུང་རྩན་དང་། ཁོན་ཅོ་མང་མོ་རྗེ་ཁྲྀ་སྐར་དུ་བཤོས་པ་འྀ་སྲས། མང་སློན་མང་རྩན།”ཞེས་སྲོང་བཙན་སྒམ་པོ་ནས་མང་སྲོང་མང་བཙན་བར་ཡབ་སྲས་དབོན་གསུམ་གྱི་རིམ་པ་གསལ་བོར་བཀོད་ཡོད་པས་ན་ཁྲི་སྲོང་ལྡེའུ་བཙན་སྐབས་སུ“ཁྲི་སྲོང་ལྡེ་བརྩན་དང་། ཚེས་པོང་ཟའ་རྨ་རྒྱལ་ལྡོང་སྐར་དུ་བཤོས་པ་འི་སྲས། མུ་ནེ་བརྩན་དང་། ལྡེ་སྲོང་བརྩན།”ལྟ་བུ་སྤུན་གཉིས་ཀྱིས་སྲིད་བཟུང་རྐྱེན་བར་དུ་དང་སྒྲ་བཞག་པ་ལྟར་སློན་བཙན་རླུང་ནམ་དང་། ཚེས་པོང་ཟ་འབྲིང་མ་ཐོག་དགོས་སུ་བཤོས་པ་འྀ་སྲས། སྲོང་ལྡེ་བརྩན་དང་། གུང་སྲོང་གུང་བརྩན་ཞེས་བཀོད་འོས། ཡིན་ཡང་གོང་དུ་ཡབ་ཡུམ་མི་གཅིག་པའི་སྲས་ཐ་དད་པར་ངོས་བཟུང་བས་ན་དེ་གཉིས་གཅེན་གཅུང་གི་འབྲེལ་བ་ཆགས་དཀའ། དེ་བས་གུང་སྲོང་གུང་བཙན་ནི་སྲོང་བཙན་སྒམ་པོའི་སྲས་འཁྲུལ་མེད་ཡིན་ལ་གནམ་རི་སྲོང་བཙན་དང་མང་སྲོང་མང་བཙན་གྱི་སྲས་སུ་སྒྲུབ་པ་ནི་རང་ཉིད་ངལ་བའི་རྒྱུ་རུ་ཟད་དོ།།

བྱམས་པ་དོན་འགྲུབ།(ཧུང་ཡོན་རྫོང་ཚ་རུ་མའི་སློབ་ཆུང་།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-06-22 4 4 阿坝日报藏文 c59752.html 1 སྲོང་བཙན་སྒམ་པོ་དང་གུང་སྲོང་གུང་བཙན་སྐོར་གྱི་བསམ་གཞིག /enpproperty-->