数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

གནའ་བོའི་རྒྱ་ནག་དང་ནུབ་ཕྱོགས་ཀྱི་རྩོམ་རིག་གི་དཔེ་འགོད་སྟངས་རིགས་གཉིས།

ནུབ་ཕྱོགས་པར་མཚོན་ན། རྩོམ་རིག་འདི་ཉིད་འོད་གཟུགས་ཀྱི་དཔེར་ལེན་པའི་སྲོལ་ནི་ཉེ་རབས་ནས་མགོ་བརྩམས་ཤིང་། ཨ་རིའི་དགག་རྒྱག་པ་ཨེ་པོ་ལ་མའོ་ཟི་ཡིས་མིང་དུ་གྲགས་པའི་རྩོམ་རིག་གཞུང་ལུགས་ཀྱི་བརྩམས་ཆོས་མེ་ལོང་དང་གློག་སྒྲོན་ཟེར་བ་དེ་བྲིས་ཤིང་ཁོས་གཞུང་ལུགས་ཞིབ་བརྗོད་བྱེད་སྐབས་དབྱིན་ཇིའི་དགག་རྒྱག་པ་ཧ་ཚི་ལེ་ཐིའི་སྐད་ཆ་ཚན་པ་ཞིག་དྲངས་པ་འདི་ལྟར།

གལ་ཏེ་རང་བྱུང་གི་བྱ་དངོས་ཁོ་ན་འབྲི་བའམ་རང་བྱུང་གི་བརྩེ་དུང་ཁོ་ན་ཞིབ་བརྗོད་བྱས་ཚེ། ཞིབ་བརྗོད་བྱས་པ་ཇི་འདྲའི་གོ་རིམ་ལྡན་ཞིང་གསོན་ཉམས་དོད་ཀྱང་། དེ་ཡོད་ཚད་སྙན་ངག་གྲུབ་པར་བྱེད་པའི་མཐའ་མའི་དམིགས་ཡུལ་དང་རྩ་དོན་དུ་གྱུར་ཐབས་མེད་ལ། སྙན་ངག་གི་འོད་ཟེར་ནི་དྲང་འཕྲོ་ཁོ་ན་མ་ཡིན་པར་གསེག་ནས་འཕྲོ་བ་ཡང་ཡོད་པས། དེས་ཕྱོགས་གཅིག་ནས་ང་ཚོ་ལ་བྱ་དངོས་སྣང་བར་བྱེད་ལ། ཕྱོགས་གཞན་ཞིག་ནས་ཆེམ་ཆེམ་འཕྲོ་བའི་འོད་ཟེར་དེ་ཉེ་འཁོར་གྱི་ཡོད་ཚད་ལ་སྤྲོས་སྲིད།

གོང་གསལ་ཧ་ཚི་ལེ་ཐིའི་སྐད་ཆ་འདིར། སྙན་ངག་ནི་འོད་གཟུགས་ཤིག་གི་དཔེར་འདྲེན་པ་ཡིན། ཨེ་པོ་ལ་མའོ་ཟིས་འོད་གཟུགས་འདི་ཉིད་ཐད་ཀར་གློག་སྒྲོན་གྱི་དོན་དུ་བཀྲལ། ཁོས་ཧ་ཚི་ལེ་ཐིས་མེ་ལོང་ལས་ལོགས་སུ་གློག་སྒྲོན་བསྣན་འདུག་ཅེས་བཤད།

མེ་ལོང་དང་གློག་སྒྲོན་ཕུད། རྒྱལ་ཁབ་ཕྱི་གཉིས་ན་རྩོམ་རིག་ནི་རི་མོའི་དཔེར་འགོད་པའང་ཡོད། སུང་རྒྱལ་རབས་ཀྱི་ཀྲང་ཧྲོན་མེན་གྱིས་སྙན་ངག་ནི་གཟུགས་མེད་ཀྱི་རི་མོ་ཞིག རི་མོ་ནི་གཟུགས་ལྡན་གྱི་སྙན་ངག་གོ་ཞེས་བཤད། ནུབ་ཕྱོགས་ལ་མཚོན་ན། རི་མོ་ནི་སྒྲ་མེད་གྱི་སྙན་ངག་དང་། སྙན་ངག་ནི་སྒྲ་ལྡན་གྱི་རི་མོ་ཞེས་རིགས་མཚུངས་ཀྱི་བཤད་སྲོལ་ཡོད་པ་རེད།

དཔེ་འགོད་པ་བརྒྱུད། སྙན་ངག་ནི་ཅི་ཞིག་ཡིན་པའི་གནད་དོན་འགྲོལ་བ་ལ་རམ་འདེགས་ཐུབ་ཀྱང་སྲིད། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། གསོན་ཉམས་ལྡན་པའི་དཔེའི་ཉམས་སྣང་བཀོལ་ན་སྤྱི་མཚན་གྱི་གནད་དོན་དག་ང་ཚོས་ཐག་གཅོད་ཡང་དག་ཅིག་བྱེད་པར་ཕན་པས་ཡིན། དེ་ལས་གཞན་དུ་ན། དཔེ་འགོད་ཀྱི་ཉམས་སྣང་དེ་སྤྱི་མཚན་རང་མཚན་པ་དང་བསྡུར་ན་ཕུན་སུམ་ཚོགས་པའི་མཚོན་དོན་ཞིག་འདུ་མོད། དོན་དངོས་སུ། རྩོམ་རིག་དང་འབྲེལ་བའི་དཔེ་འགོད་སྟངས་རེ་རེའི་རྒྱབ་ལོགས་ན་དེ་དང་འབྲེལ་བའི་གཞུང་ལུགས་ཀྱི་བཤད་ཚུལ་རེ་ཡོད་པ་ཡིན།

གཉིས་པ། ལད་ཟློས་དང་མེ་ལོང་། ཚུར་མཐོང་དང་སྒྲོན་མེ།

དཔེ་འགོད་པའི་རྒྱབ་ལོགས་ན་ཡོད་པའི་གཞུང་ལུགས་ཀྱི་བཤད་སྲོལ་ནི་ཧ་ཅང་འགངས་ཆེན་ཞིག་ཡིན། དེ་བས་དཔེ་འཇོག་དེ་ནི་རྒྱབ་ལོགས་ཀྱི་གཞུང་ལུགས་བཤད་སྲོལ་གྱི་སྣང་བརྙན་དེ་ཉིད་ཞིབ་འབྲི་བྱས་པ་ཞིག་ཡིན། མེ་ལོང་གི་གཞུང་ལུགས་དེས་རྩོམ་རིག་ནི་དོན་དངོས་སླར་མཚོན་པའི་གོ་བ་ལྟར་འགྲེལ་ལ་སྒྲོན་འོད་ལ་དཔེ་འཇོག་པ་དེས་རྩོམ་རིག་ཉིད་གསར་སྐྲུན་གྱི་མཚོན་ཚུལ་ཞིག་ལྟར་གོ་བ་ལེན་པ་ཡིན།

གནའ་བོའི་མེ་ལོང་གི་དཔེར་འགོད་པའི་ཤུགས་ན་གནའ་བོའི་ལད་ཟློས་སྨྲ་བ་ཡོད་པ་ཡིན། དེ་དག་མཚེ་མ་ཞིག་གི་དཔེར་འགོད་དམ་ཡང་ན་ཕ་མ་ཟུང་གི་དཔེར་འགོད་པ་གང་ལེགས་མིན་ང་ཚོས་རྟོགས་དཀའ་མོད། འོན་ཀྱང་ཐག་གཅོད་བྱ་ཐུབ་པ་ཞིག་ནི། པའོ་ལ་ཐའོ་ཡིས་མེ་ལོང་གི་དཔེར་བཀོད་ནས་ཁོའི་ལད་ཟློས་སྨྲ་བའི་གཞུང་ལུགས་གསལ་འགྲེལ་བྱེད་འདོད་པ་དེ་རེད། ཧི་མའི་དུས་སྐབས་ནས་བཟུང་ཏེ། ཀུན་སྤྱོད་ལད་ཟློས་བྱས་ན་འདྲ། ཡང་ན་ཁོ་ཚོའི་བྲིས་པའི་བརྗོད་བྱ་ཡོད་ཚད་ལ་ལད་ཟློས་བྱས་ན་འདྲ། སྙན་ངག་པ་ཡོད་ཚད་ནི་ལད་ཟློས་བྱེད་མཁན་ཤ་སྟག་ཡིན་ཞེས་བཤད། པའོ་ལ་ཐའོ་ལྟར་ན། གསར་རྩོམ་བྱེད་མཁན་ནི་སྙན་ངག་པ་ཡིན་ལ་དེ་ནི་འཇིག་རྟེན་ལ་ལད་ཟློས་བྱས་པ་ལས་གསར་རྩོམ་མ་ཡིན་པར་མེ་ལོང་གི་ནང་དུ་བྱ་དངོས་ཁྲི་སྟོང་མང་པོ་ཤར་བ་ལྟ་བུ་ཡིན་པར་བཞེད། དེ་ནས་བཟུང་། པའོ་ལ་ཐའོ་ཡིས་རྩོམ་རིག་ལ་འགྲེལ་བཤད་བསྐྱོན་པའི་ལད་ཟློས་སྨྲ་བའི་གཞུང་ལུགས་དེ་ཉིད་ནུབ་ཕྱོགས་སྒྱུ་རྩལ་གཞུང་ལུགས་ཀྱི་ལོ་རྒྱུས་སྟེང་གི་ལྟ་ཚུལ་གལ་ཆེན་ཞིག་དང་ཤུགས་རྐྱེན་བླ་མེད་ཐེབས་མཁན་དུ་གྱུར་བར་བཤད།

ལད་ཟློས་སྨྲ་བ་དེ་ཉིད་འཕེལ་རྒྱས་སུ་ཕྱིན་ཏེ་ཕྱིར་མཚོན་སྨྲ་བར་འགྱུར་བ་བྱུང་། ཕྱིར་མཚོན་སྨྲ་བ་དེ་ལད་ཟློས་སྨྲ་བ་དང་བསྡུར་ན། དེས་ཧ་ལམ་མེ་ལོང་གི་དཔེར་འགོད་པའི་དཔེ་དོན་ལས་ལྷག་པ་ཞིག་སྟོན་ཐུབ་ཡོད་པ་རེད།

རྒྱུ་མཚན་ནི་མེ་ལོང་ནང་གི་ལྡོག་འཕྲོ་དེ་ཕ་རོལ་བོར་མཚོན་ན་མང་མི་སྲིད་ལ་ཉུང་ཡང་མི་སྲིད་པའི་རྒྱུ་མཚན་གྱིས་ཡིན།

ཕྱིར་མཚོན་སྨྲ་བ་དང་མེ་ལོང་གི་དཔེ་གཉིས་བསྡུར་ན། དཔེ་སྒྲོན་མེའི་ཤུགས་ན་ལད་ཟློས་སྨྲ་བ་དང་རྦད་དེ་མི་འདྲ་བའི་གཞུང་ལུགས་ཤིག་ཆགས་ཡོད་པ་ནི་ཕྱིར་མཚོན་སྨྲ་བ་ཟེར་བ་དེ་རེད། ཕྱིར་མཚོན་སྨྲ་བས་རྩོམ་རིག་སྒྱུ་རྩལ་ནི་མིའི་རིགས་ཀྱི་ཕྱིའི་འཇིག་རྟེན་གྱི་མངོན་ཚུལ་ཞིག་ཏུ་འདོད། དེ་ལྟ་བུའི་གཞུང་ལུགས་ནི་ནུབ་ཕྱོགས་ཀྱི་རྩོམ་རིག་གཞུང་ལུགས་ཁྲོད་དུའང་མང་དུ་ཡོད།

ནུབ་ཕྱོགས་ལ་མཚོན་ན་ཉེ་རབས་ནས་བཟུང་། རྩོམ་པ་བོ་དང་སྙན་ངག་པ། གཞུང་ལུགས་སྨྲ་བ་སོགས་ནས་ལྟ་བ་དེའི་ཕྱོགས་ལ་ལྟ་ཚུལ་བཏོན་མྱོང་། སྙན་ངག་པ་དཔའ་ཚི་དཔའ་སི་ཡིས་སྙན་ངག་ནི་ཤུགས་དྲག་ཡིད་ཀྱི་བརྩེ་དུང་རང་ཤུགས་ཀྱིས་བརྡོལ་ལ་དལ་ཅག་གེར་གནས་པའི་ཕྱིར་དྲན་ལས་འབྱུང་བ་ཞིག་ཡིན་ཟེར། རྩོམ་པ་བོ་ཆེན་པོ་ཐའོ་ཨར་སི་ཐའེ་ཡིས་སྒྱུ་རྩལ་ནི་བརྩེ་དུང་གིས་བསྡུས་པ་ཞིག་ལ་འདོད་ཟེར།གཞན་གཞུང་ལུགས་སྨྲ་བ་ཆེན་པོ་ལོ་པེན་ཆོ་ཀྲི་ཁུ་ལེན་བོའི་རྡིའི་བརྩམས་ཆོས་གྲགས་ཅན་སྒྱུ་རྩལ་གྱི་རྩ་དོན་ཞེས་པར་མིའི་རིགས་ཀྱི་ད་ཡོད་ཀྱི་སྒྱུ་རྩལ་ལ་དབྱེ་ཞིབ་བྱས་ཏེ་ཁོང་གིས་སྒྱུ་རྩལ་ཟེར་བ་དེ་ཚོར་འདུ་ཕྱིར་མཚོན་པའི་སྒྱུ་རྩལ་དང་དམོད་ཆོས་ཀྱི་སྒྱུ་རྩལ། རོལ་རྩེད་ཀྱི་སྒྱུ་རྩལ། མངོན་འདོད་ཀྱི་སྒྱུ་རྩལ། ཀུན་རྟོག་གི་སྒྱུ་རྩལ་བཅས་སུ་དབྱེ་བ་རེད།ཁོས་སྒྱུ་རྩལ་ལ་ཚད་གཞི་ངེས་ཅན་ཞིག་ནས་བལྟས་ན་ཚོར་བ་ཕྱིར་མཚོན་པའི་གྲུབ་ཆ་ཡོད་ཆོག་མོད། འོན་ཀྱང་སྒྱུ་རྩལ་རང་ནི་ཚོར་བ་ཕྱིར་མཚོན་པ་མིན་ནོ། མིའི་རིགས་ཀྱི་ལོ་རྒྱུས་སུ། སྒྱུ་རྩལ་དེ་ཉིད་དམོད་ཆོས་དང་འབྲེལ་བ་བྱུང་མྱོང་ཡོད་ལ། དམོད་ཆོས་སྒྱུ་རྩལ་ནི་སྒྱུ་རྩལ་ག་གེ་མོའི་གདོད་མའི་རྣམ་པ་ཙམ་ཡིན་པས་སྒྱུ་རྩལ་གྱིས་མི་ལ་སྤྲོ་སྣང་མ་ཟད་ཐ་ན་སློབ་གསོ་ཡང་ཐོབ་ཐུབ། འོན་ཀྱང་རོལ་རྩེད་སྒྱུ་རྩལ་ནི་སྒྱུ་རྩལ་དངོས་གནས་པ་མ་ཡིན།ཁོས་སྒྱུ་རྩལ་ངོ་མ་ནི་མངོན་འདོད་ཀྱི་སྒྱུ་རྩལ་དང་ཀུན་རྟོག་གི་སྒྱུ་རྩལ་དང་། ཁོས་བཤད་པའི་མངོན་འདོད་ངོ་མ་ནི་བརྩེ་དུང་གི་མངོན་འདོད་དེ་ཡིན།

ཀྲུང་གོར་མཚོན་ན། རྩོམ་རིག་སྒྱུ་རྩལ་ཀྱི་མངོན་འདོད་ཀྱི་བརྩེ་དུང་ཟེར་བ་གནའ་སྔ་མོ་ནས་ཡོད་མྱོང་། ཐོག་མའི་འདུན་པ་ནས་རྗེས་ཀྱི་ཡིད་འགྱུར་ཀྱི་དུང་བ་ནི་ཆུ་དང་ཉ་མོ་བཞིན་དུ་གནས་ཡོད་དོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-08-14 བསམ་འགྲུབ་རྒྱལ། (ནུབ་བྱང་མི་རིགས་སློབ་ཆེན།)(2) 4 4 阿坝日报藏文 c63279.html 1 གནའ་བོའི་རྒྱ་ནག་དང་ནུབ་ཕྱོགས་ཀྱི་རྩོམ་རིག་གི་དཔེ་འགོད་སྟངས་རིགས་གཉིས། /enpproperty-->