数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

མི་ ལོ་ ལྔ་ བཅུའི་ དཔྲལ་ གཉེར།

♦ལྷ་རྒྱལ་འོད། 【མགོ་ལོག】

ཨ་མ་ལགས། ཁྱེད་ཀྱི་དཔྲལ་གཉེར་དུ་ལྷག་པ་ནི་མི་ལོ་ལྔ་བཅུའི་ལོ་ཟླས་བྲིས་པའི་འཁོར་བའི་རི་མོ་རེད། ད་དུང་གྲིབ་གཟུགས་ཀྱི་ལྡེབས་ངོས་སུ་གསལ་བ་ནི་བྱམས་བརྩེ་དང་ལྷག་བསམ་ཁོ་ནའོ། དཔྲལ་གཉེར་གྱི་རི་མོ་དེ་དག་གིས་གཙང་བོ་ཞིག་དེ་ལྟར་བཞུར་ཏེ་ཡུལ་གང་ཞིག་ནས་སྐམ་དགོས་པའི་ངང་ཚུལ་གཞི་ནས་ཚོར་ཐུབ། དེ་འདྲའི་གཙང་བོའི་ནང་དུ་ཁྱེད་ཀྱི་མི་ཚེ་ཡི་གོ་རིམ་མཐོང་ཐུབ་ལ། མི་ཚེ་ཡི་གོ་རིམ་དེ་དག་ནི་གྱ་མ་གྱུ་དང་ངུ་མ་དགོད་ནས་མགོ་བརྩམས་པ་ནས་བཟུང་སླར་ཡང་འཇིགས་མ་དངངས་དང་ལང་མ་གོག་གིས་མཇུག་གྲིལ་ཚུལ་གྱི་གཏམ་རྒྱུད་རིང་མོ་ཞིག་བཞག་འདུག་ཨང་།

ད་དུང་རི་མོ་དེ་དག་ལས་བར་སྣང་དུ་རྒྱུ་བའི་སྤྲིན་པ་དང་ས་གཞི་ཡི་སྨུག་པ་ལང་ལོང་འཐིབས་སའི་རྔམ་བརྗིད་ཀྱི་རི་བོ། ནགས་ཀླུང་དང་ཆུ་ཀླུང་སོགས་བརྒལ་དཀའ་བའི་འཚོ་བའི་དཀའ་སྡུག་གི་བྲིས་རིས་དག་གསལ་འདུག གཞན་ཡང་དེ་དག་གི་ནང་དུ་རང་དབང་ཆེ་བའི་སྲོག་ལྡན་ཞིག་བྱེད་དཀའ་ཚུལ་གྱི་ཉམས་མྱོང་གི་ལུང་ཚིག་ཀྱང་མང་བོ་འདུག ང་ཡི་འཚོ་བ་ནི་ཧྲའོ་ཟེར་ན་ཁྱེད་རང་དགོད་ངེས་ཡིན། མ་གཞི་ཁྱེད་ཀྱི་ཉམས་མྱོང་གིས་བདེ་སྐྱིད་འཚོ་བ་ནི་སྟབས་བདེ་དཀའ་ཁག་མེད་པ་ཞིག་མིན་པ་ར་སྤྲོད་བྱེད་ཐུབ་པས་ཡིན་སྲིད།

ཁྱེད་ནི་འཇིག་རྟེན་གྱི་སྡུག་བསྔལ་མ་ལུས་ཕྱོགས་གཅིག་ཏུ་བསྡུས་ཏེ་རང་སྟེང་དུ་ཁུར་རྗེས་རང་ལས་གཞན་གཅེས་ཀྱི་དོན་དུ་མགོ་མི་བསྒུར་བའི་རླབས་ཆེན་གྱི་ཨ་མ་དེ་ཡིན། ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ་ཡང་དཀའ་སྤྱད་འབད་འབུངས་ནས་མགོ་བརྩམས་ཏེ་རྔུལ་ཆུ་དང་གྲུབ་འབྲས་ཀྱི་གསེབ་ཏུ་བབས་ཡོད་པའང་ངའི་དྲན་འཛིན་གྱི་ལྡེབས་ངོས་སུ་སྣུམ་ཐང་ལྟར་གསལ་འདུག

ནམ་རྒྱུན། ཁྱེད་ཀྱི་མིག་འོད་ལས་འཚོ་བའི་དཀའ་སྡུག་གི་ཟ་ཟུར་མང་བོ་མཐོང་ཐུབ་ལ། ཁྱེད་ཀྱི་གཟུགས་གཞི་ལས་ཚོར་བའི་མི་ཟིན་པའི་གསང་བ་ལྐོག་གྱུར་གྱི་སྐྱོ་ཡུས་དང་བཟོད་བསྲན་དག་ཤེས་ཐུབ་ནའང་། ཁྱེད་ཀྱིས་ཅི་ཡང་མ་བྱུང་ཚུལ་གྱིས་བུ་ཕྲུག་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་སྤྲོ་བས་བརྟས་སུ་བཅུག ཡིན་ནའང་སྤྲོ་བ་དེ་དག་གི་རྒྱབ་ན་ཁྱེད་ཀྱིས་མིས་མི་ཐེག་པའི་དཀའ་སྡུག་ཇི་འདྲའི་མང་བོ་ཞིག་བསྐུངས་ཡོད་ངེས།ཟིལ་ཤུགས་ལ་དོ་ཟླ་བྲལ་བའི་འོད་སྣང་ནི་འཇིག་རྟེན་སྣོད་བཅུད་ཀྱི་འབྱུང་ཁུངས་ཡིན་ནའང་། ཁྱེད་ནི་ཁྱིམ་གཞིས་འདིའི་ངེད་མིང་སྲིང་ཚོའི་ཚེ་སྲོག ཚེ་སྲོག་ལ་མཁོ་བའི་འབྱུང་བཞི་དང་མཁའ་དབུགས། བདེ་སྐྱིད་དང་འོད་སྣང་སྦྱིན་མཁན་ཡིན།

ལས་དབང་གིས་བཀོད་པའི་ཁྱིམ་གཞིས་འདི་ནི་གསང་བ་ལྐོག་གྱུར་གྱི་གླེགས་བམ་སེར་བོ་ཞིག་སྟེ། ཁྱེད་ཀྱིས་གླེགས་བམ་དེའི་ཁ་ཕྱེས་ཏེ་དེ་ལས་ཐ་སྙད་རེ་ཟུང་བཙལ་ཏེ་ཁྱིམ་ཚང་འདི་ལ་ལྷན་པ་མང་བོ་བརྒྱབ། འོད་སྣང་གིས་བརྟས་སུ་བཅུག བདེ་སྐྱིད་ཀྱིས་ཁེངས་སུ་བཅུག

ཨ་མ་ལགས། ཁྱེད་ནི་ངའི་ཇི་སྲིད་བར་དུ་བྲིས་ཀྱང་རྫོགས་མཐའ་མེད་པའི་སྙན་ངག་རིང་མོ་དེ་ཡིན་ནོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 ♦ལྷ་རྒྱལ་འོད། 【མགོ་ལོག】 4 4 阿坝日报藏文 c106724.html 1 མི་ ལོ་ ལྔ་ བཅུའི་ དཔྲལ་ གཉེར། /enpproperty-->