数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第07版:教 研

ཇི་ལྟར་བྱས་ཏེ་སློབ་ཆུང་གི་གྲངས་རིག་སློབ་ཁྲིད་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ།

དཔལ་ལྡན།【མཛོད་དགེ་རྫོང་པན་ཡུ་ཆ་ཚང་བཅའ་སྡོད་སློབ་ཆུང་།】

དྲ་ཐོག་ནས་བླངས།

དང་བོ། རོལ་རྩེད་རང་བཞིན་གྱི་སློབ་ཁྲིད་ཐབས་ལམ་བཀོལ་ཏེ་སློབ་མའི་སློབ་སྦྱོང་གི་འདུན་པ་ཆེར་བསྐྱེད་པ།

འགུལ་སྐྱོད་དབུལ་ཞིང་རྣམ་གཡེང་ཆེ་བ་ནི་སློབ་ཆུང་སློབ་མའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་གཤིས། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ་ནད་པ་སྨན་བསྟེན་ཅི་བཞིན་སློབ་མའི་རྒྱུད་ཀྱི་སྐྱོན་དེ་དག་དམིགས་སུ་བཟུང་ནས་སེལ་གང་ཐུབ་བྱེད་དགོས། སློབ་མའི་སེམས་ཁམས་དང་དགའ་ཕྱོགས་ལ་གཞིགས་ཏེ་གྲངས་རིག་གི་ཤེས་བྱ་འདུ་བའི་རྩེད་རིགས་སྣ་མང་ཅན་བཀོད་སྒྲིག་བྱ་རྒྱུ་དེ་མིག་འབྲས་ཅི་བཞིན་གཙིགས་སུ་བཟུང་ན་སློབ་མར་གྲངས་རིག་གི་རྨང་གཞི་བརྟན་པོ་འཇོག་ཐུབ། དཔེར་ན། སྒོར་དང་སྒོར་ཟུར་གྱི་ནང་དོན་ལྟ་བུ་སློབ་ཁྲིད་བྱེད་སྐབས།སློབ་མ་རྣམས་ནང་དོན་ལ་ངོས་འཛིན་གསལ་བོ་དང་འཁྲིད་བྱ་ལ་སྤྲོ་སྣང་སློང་ཆེད།སློབ་ཁྲིད་སྐབས་སུ་ཕན་ཚུན་སློབ་གྲོགས་འཚོལ་བའི་རྣམ་པ་ལྟར་སློབ་ཁྲིད་བྱས་ན་ཕན་ཐོགས་ལྷག་པར་ཆེ།་རྩེད་མོའི་གོ་རིམ་ཅུང་རྒྱས་པ་གཤམ་དུ་བཀོད་པར་ལྟར། ༡.སློབ་མ་རྣམས་ཚོ་ཆུང་གཉིས་སུ་བགོས་ཏེ་གཅིག་ལ་སྒོར་དང་སྒོར་མོ་འཁྲབ་ཏུ་འཇུག་པ་དང་གཅིག་ཤོས་ལ་རིན་གོང་མི་འདྲ་བའི་དངོས་རྫས་འཁྲབ་ཏུ་བཅུག་ནས་ཉོ་ཚོང་གི་སློབ་ཁྲིད་ཡུལ་སྣང་བསྐྲུན་དགོས། ༢.དགེ་རྒན་གྱི་མཛུབ་སྟོན་འོག་ནས་དངོས་རྫས་སོ་སོའི་རིན་གོང་འཚོལ་དུ་འཇུག་པའམ་རིན་གོང་ཐ་དད་ཀྱི་དངོས་རྫས་འཚོལ་དུ་འཇུག་དགོས། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསལ་འདེབས་ཞུ་དགོས་པ་ཞིག་ལ་དགེ་རྒན་གྱིས་བྱ་འགུལ་ཀྱི་མགོ་མཇུག་བར་གསུམ་དུ་ངེས་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡང་དག་བྱེད་དེ་སློབ་མའི་གསར་གཏོད་ཀྱི་ནུས་པ་དང་རང་རྐྱ་འཕེར་བའི་ནུས་པ་གཡག་རྔ་ཅི་བཞིན་སྲུང་སྟེ་སློབ་མའི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་དགོས། རོལ་རྩེད་རྣམ་པའི་འཁྲིད་སྟངས་འདི་ལེགས་པར་སྤྱད་ན་ཕྱི་ནས་སློབ་ཁྲིད་ཀྱི་རྣམ་པ་ཕུན་ཚོགས་སུ་བཏང་ཡོད་ལ་ནང་དུ་སློབ་མའི་བསམ་གཞིགས་རྒྱ་བསྐྱེད་དང་ཕྱོགས་ཡོངས་ཀྱི་ནུས་པ་འཕེལ་བ་ལའང་སྐུལ་མ་བཏང་ཡོད།

གཉིས་པ། མཉམ་ལས་ཀྱི་སློབ་སྦྱོང་བྱེད་ཐབས་བརྒྱུད་དེ་སློབ་མའི་གྲངས་རིག་གི་སྦྱངས་འབྲས་མཐོར་གཏོང་བ།

གྲངས་རིག་དང་འཚོ་བ་དངོས་ནི་ཆུ་དང་འོ་མ་བཞིན་དུ་འདྲེས་ཡོད་དེ།འཚོ་བ་དངོས་ནི་གྲངས་རིག་པ་བསྐྱེད་པའི་མ་མ་ལྟ་བུ་དང་གྲངས་རིག་པ་ནི་འཚོ་བ་དངོས་ཀྱི་པང་ལས་མཆེད་པའི་བྱིས་ཕྲུག་ལྟ་བུ་ཡིན།དེ་བས་གྲངས་རིག་གི་ཤེས་བྱ་གང་མང་ཞིག་འཚོ་བ་དངོས་སུ་ཡོད། དགེ་རྒན་ཞིག་ལ་མཚོན་ན་སློབ་ཆུང་གྲངས་རིག་སློབ་ཁྲིད་བྱེད་སྐབས་འཚོ་བ་དངོས་དང་འབྲེལ་ནས་སློབ་ཁྲིད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། གྲངས་རིག་སློབ་ཁྲིད་ལ་གཞིགས་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་གནད་དོན་དག་ཐག་གཅོད་བྱ་རྒྱུ་དེ་བས་གལ་ཆེ། སློབ་ཆུང་གྲངས་རིག་སློབ་ཁྲིད་བྱེད་སྐབས་མཉམ་ལས་སློབ་ཁྲིད་བྱེད་ཐབས་བེད་སྤྱད་ནས་སློབ་མ་ལ་ལག་ལེན་གོ་སྐབས་སྟེར་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྟེ། དཔེར་ན། འབྲེལ་ཡོད་མཐའ་མང་དབྱིབས་སློབ་ཁྲིད་བྱེད་སྐབས་སུ། སྔོན་ལ་དགེ་རྒན་གྱིས་སློབ་མ་རྣམས་ཚོ་ཆུང་འགའ་ལ་བགོས་ནས་སློབ་མ་རྣམས་ཀྱིས་གཅོད་པའི་ཚུལ་ལ་བསྟེན་ནས། མཉམ་འགྲོ་མཐའ་བཞི་དབྱིབས་དེ་གྲུ་བཞི་དབྱིབས་དང་གྲུ་བཞི་ཁ་གང་མ་ལ་སྐོར་སྒྲིག་བྱེད་དུ་འཇུག་པ་དང་། ཚོ་ཆུང་རེ་ལ་དེ་དག་སྒྲིག་སྟངས་དང་རིས་དབྱིབས་རྒྱ་ཁྱོན་སོགས་ཇི་ལྟར་རྩི་བ་བཤད་དུ་འཇུག་པ། དགེ་རྒན་གྱིས་ཚོ་ཆུང་མཉམ་ལས་སློབ་སྦྱོང་བྱེད་ཐབས་བེད་སྤྱད་ནས་སློབ་མའི་རང་འགུལ་བསམ་པ་དང་མཉམ་ལས་ནུས་པ་སྐྱེད་སྲིང་བྱེད་དགོས།

གསུམ་པ། སྨྱན་མང་ལག་རྩལ་ལ་བརྟེན་ནས་སློབ་མའི་གྲངས་རིག་ཤེས་བྱའི་ཐད་མཐོང་ངོས་འཛིན་ལ་ཤུགས་སྣོན་པ།

སློབ་ཆུང་གྲངས་རིག་ནི་གཏན་ཚིགས་རང་བཞིན་དང་སྤྱི་མཚན་རང་བཞིན་ཅུང་མཐོ་བའི་རིག་ཚན་ཡིན་ཕྱིར། སློབ་ཆུང་སློབ་མ་ལ་མཚོན་ན་གོ་བ་ལེན་རྒྱུ་ཅུང་དཀའ་ཁག་ཆེ་བ་ཡིན། དེ་བས་སློབ་མ་གང་མང་ཞིག་གྲངས་རིག་སློབ་སྦྱོང་ལ་དངངས་སྐྲག་གི་སེམས་ཁམས་ལྡན། གྲངས་རིག་སློབ་སྦྱོང་ཡག་པོ་ཞིག་དང་གྲངས་རིག་སློབ་ཁྲིད་སྤྲོ་སྣང་ཅན་ཞིག་ཡོང་ཆེད་དགེ་རྒན་གྱིས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བཟང་བོ་གང་མང་འདོན་སྤེལ་བྱེད་དགོས། སློབ་ཁྲིད་དངོས་སུ་ཡི་གེ་དང་སྒྲ། པར་རིས། བརྙན་ལམ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གོ་དཀའ་བའི་གྲངས་རིག་ཤེས་བྱ་རྣམས་ཐད་མཐོང་གཟུགས་བརྙན་སྒོས་འཁྲིད་བྱའི་ནང་དོན་མངོན་ནས་སློབ་མའི་རྩིས་རིག་གི་ཤེས་བྱ་ལ་གོ་བ་གཏིང་ཟབ་ལེན་དུ་འཇུག་དགོས། དཔེར་ན། འབྲེལ་ཡོད་ཟུར་གསུམ་མའི་ཤེས་བྱ་སློབ་ཁྲིད་སྐབས། མཐའི་འབྲེལ་བ་ལ་བརྟེན་ནས་ཟུར་གསུམ་མ་དབྱེ་བ་འབྱེད་སྟངས་དང་། ཟུར་གྱི་འབྲེལ་བ་ལ་བརྟེན་ནས་ཟུར་གསུམ་མ་དབྱེ་བ་འབྱེད་སྟངས་སོགས་དགེ་རྒན་གྱིས་སྔོན་ལ་PPTལས་ཏེ་སློབ་ཁྲིད་སྐབས་སུ་སློབ་མ་ལ་ཐད་མཐོང་གི་ལམ་ནས་བཀྲམ་ན་གོ་བ་ཟབ་མོ་ལེན་ཐུབ་པ་ལྟ་བུ།

མདོར་ན། སློབ་ཆུང་སློབ་མའི་ལོ་ཚོད་ཆུང་བ་དང་ཕྱོགས་གང་ཐད་ནས་ལུས་སེམས་འཕེལ་རྒྱས་དེ་ཙམ་བྱུང་མེད་པས་དགེ་རྒན་གྱིས་སློབ་ཆུང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཕན་ནུས་ཆེ་བའི་སློབ་ཆུང་གྲངས་རིག་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་ནས་ཕྱོགས་སྡོམ་མང་ཙམ་བྱས་ཏེ་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་འཚམ་པའི་སློབ་ཁྲིད་ཐབས་ལམ་ཞིག་གཏོད་གང་ཐུབ་བྱེད་དགོས་སོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-27 དཔལ་ལྡན།【མཛོད་དགེ་རྫོང་པན་ཡུ་ཆ་ཚང་བཅའ་སྡོད་སློབ་ཆུང་།】 6 6 四川民族教育报 c106410.html 1 ཇི་ལྟར་བྱས་ཏེ་སློབ་ཆུང་གི་གྲངས་རིག་སློབ་ཁྲིད་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ། /enpproperty-->