数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第07版:教 研

ཁྱིམ་ཚང་སློབ་གསོའི་དོན་གནད་ཆེན་པོ་གསུམ་རགས་ཙམ་གླེང་བ།

པདྨ་དབང་གྲགས།【མཛོད་དགེ་རྫོང་རྨེ་ཆུ་ལྟེ་གནས་སློབ་ཆུང་།】

གཅིག ཕ་མ་བགྲེས་སོང་རྣམས་ལུས་བདེ་སེམས་སྐྱིད་ཡོང་བར་འབད་བརྩོན་ཧུར་ཐག་བྱེད་དགོས་ཏེ། འདི་ནི་ནད་དྲག་སྨན་བརྗེད་ལྟ་བུའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་མ་ཡིན་པར་དྲིན་ཤེས་དྲིན་དུ་ཤེས་པའི་ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་བཟང་པོ་ཡིན། སྤྱོད་ཚུལ་འདི་ནི་འཇིག་རྟེན་མི་ཆོས་དང་མཐུན་པས་མི་ཚད་དམ་པ་ལྷ་ཆོས་ལའང་ཤིན་ཏུ་མཐུན་པ་སྟེ། རྔ་བརྡུང་སྦུབ་དཀྲོལ་གྱི་རིམ་གྲོ་དང་སྔགས་བཟླས་ཕྱག་སྐོར་གྱི་འདུ་འགོད་མང་དུ་བྱེད་པ་ལས་ལུས་ཟུངས་ཟད་པའི་ལོ་ལོན་བགྲེས་སོང་ཚོ་དགའ་བའི་ཞབས་ཞུ་བྱས་ན་བཟང་ཚུལ་དམ་པ་མང་པོ་ཡང་ཡང་གསུངས་པ་ལྟར་ཤེས་དགོས་འདུག

གཉིས། བུ་ཕྲུག་ཕྱི་རབས་པ་རྣམས་ལ་མདུན་ལམ་བཟང་པོ་བསྐྲུན་རྒྱུ་ནི་ཁྱིམ་ཚང་སོ་སོའི་མ་འོངས་པ་དང་ཐ་ན་མི་རིགས་ཤིག་གི་མ་འོངས་པ་ཡང་རེད། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཡ་རབས་ཚང་ལ་ཆོས་པ་གསུམ། མ་རབས་ཚང་ལ་དུ་འཐེན་གསུམ། ཟེར་ཚུལ་ཡོད་པ་ལྟར། གལ་ཏེ་བུ་ཕྲུག་ཕྱི་རབས་པའི་མདུན་ལམ་གལ་ཆེན་ལ་མཐོང་ཆེན་དུ་མ་མ་བྱས་ན་ཁྱིམ་ཚང་གང་ཞིག་ལ་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཡར་ཐོན་ཡོང་རྒྱུ་སྲིད་མཐའ་ཙམ། ཇི་སྐད་དུ། ན་གཞོན་ཚོ་ནི་ཁྱིམ་ཚང་དང་མི་རིགས། རྒྱལ་ཁབ་བཅས་ཀྱི་མ་འོངས་པ་ཡིན་ཞེས་པའི་གནད་འགག་རང་བཞིན་དེ་ཚང་མས་མཁྱེན་དགོས་འདུག ཕ་སྐད་མ་ཡིག་གིས་མཚོན་བྱིས་པའི་སློབ་གསོ་གཙིགས་སུ་མི་འཛིན་པའི་ཕ་མ་ཚང་མ་མདོ་མེད་པའི་ཕ་མ་ཁོ་ནའོ་ཞེ་ན་ཅིས་ཀྱང་དོན་དངོས་ཀྱི་གཏམ་རང་ཡིན།

གསུམ། བཟའ་ཚང་མཛའ་མཐུན་གྱིས་བདེ་སྐྱིད་བག་ཕེབས་ཀྱི་ཁྱིམ་ཚང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ནི་ཁྱིམ་ཚང་གང་ཞིག་གིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་སྟངས་ཆེས་བཟང་བོར་གྱུར་འདུག གལ་ཏེ་ཁྱིམ་ཚང་གང་ཞིག་གི་སྲོག་ཤིང་ལྟ་བུར་གྱུར་པའི་བཟའ་ཚང་ཕན་ཚུན་མཐུན་ལམ་མ་བཟང་ན་ཁྱིམ་ཚང་གང་དེའི་བདེ་སྐྱིད་ཡོད་ཚད་བརླག་འགྲོ་ངེས། གང་ཅིའི་ཐད་ནས་ཁྱིམ་ཚང་དེ་ཡི་གོང་ཕ་མ་བགྲེས་པོ་དག་དང་བྱིས་པ་བསམ་མེད་ཚུན་ཆད་ཀྱི་བརྟེན་ས་འཆག་སར་གྱུར་པའི་བཟའ་ཚང་ཁྱོ་ཤུག་གཉིས་ཀྱིས་ནམ་ཡང་འགན་འཁྲི་ཡོད་པའི་སྒོ་ནས་མཐུན་ལམ་ཇེ་བཟང་ཇེ་ལེགས་ཀྱིས་ཁྱིམ་ཚང་ཧྲིལ་བོའི་འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེན་རེད། མདོར་ན། ཁྱིམ་ཚང་ཅུང་ཚད་ལྡན་ཞིག་སྐྱོང་འདོད་ན་རྒན་པར་བཀུར་ཅིང་ཞབས་ཞུ་ཧུར་ཐག་དང་། གཞོན་པར་གཅེས་ཤིང་གསོ་སྐྱོང་ཧུར་ཐག བཟའ་ཚང་མཛའ་ཞིང་མཐུན་འགྲིག་ལ་ཧུར་ཐག་བཅས་ཧུར་ཐག་ཆེན་པོ་གསུམ་ལ་ནམ་ཡང་སྣང་མེད་འཐུས་ཤོར་མ་སོང་བར་བྱེད་དགོས་འདུག་གོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-27 པདྨ་དབང་གྲགས།【མཛོད་དགེ་རྫོང་རྨེ་ཆུ་ལྟེ་གནས་སློབ་ཆུང་།】 6 6 四川民族教育报 c106411.html 1 ཁྱིམ་ཚང་སློབ་གསོའི་དོན་གནད་ཆེན་པོ་གསུམ་རགས་ཙམ་གླེང་བ། /enpproperty-->