数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:阿坝日报

དབྱར་ཟླ་དྲུག་པར་ཁ་བའི་འདབ་མ་ལྷུངས།། གསེར་མཚོའི་མཛེས་ལྗོངས་ལྟ་བས་ཆོག་མི་ཤེས།།

ཟུང་ཆུ་རྫོང་གི་གསེར་མཚོ་མཛེས་ལྗོངས་ཁུལ་གྱི་སྐོར་བཀོད་པ།

ཉེ་ཆར་ཟུང་ཆུ་རྫོང་གི་གསེར་མཚོ་མཛེས་ལྗོངས་ཁུལ་དུ་ཁངས་མ་ཆར་བབས་པ་དང་། ཤིང་ལོ་དག་གི་སྟེང་ལ་ཁ་བའི་འདབ་མ་ལྷུངས། རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་དང་ཁ་བའི་འདབ་མ་གཉིས་ཕན་ཚུན་མཛེས་ཆོས་སུ་གྱུར། ཁ་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་མཚེའུ་ནི་ལྷག་པར་ཡིད་དུ་འོངས་པ་ཞིག་སྟེ། ཕྱི་ཡུལ་གྱི་བཀོད་པ་འདི་ལྟ་བུས་ཡུལ་སྐོར་བ་དག་གི་ཡིད་ཀྱི་བརྟན་པ་ཕྲོགས་ནས་ཕྱིར་རང་ཡུལ་སྙེགས་པའི་འདུན་མ་ཡང་བརྗེད་པར་གྱུར།

དབྱར་མགོ་མའི་གསེར་མཚོ་མཛེས་ལྗོངས་ཁུལ་ནི་རི་མོ་མཁན་གྱིས་ཁ་མདོག་སྣ་ཚོགས་ཀྱི་པིར་སྙུག་ལ་བརྟེན་ནས་མི་རྣམས་ཀྱི་ཡིད་དབང་འགུགས་ཤིང་ཡིད་ཁམས་གསོ་བའི་མཛེས་ལྗོངས་ཀྱི་བཀོད་པ་ཆེད་དུ་བྲིས་པ་ཞིག་དང་མཚུངས་ལ། ག་ས་གང་དུ་སྟག་མའི་མེ་ཏོག་གི་འདབ་མ་བརྐྱངས་ཤིང་རྣམ་པར་བཞད། ཉིན་དེའི་ཞོགས་པར་མཛེས་ལྗོངས་ཁུལ་གྱི་མཚོ་འཕགས་མཐོ་བའི་ཁུལ་དུ་གནམ་གཤིས་འགྱུར་ནས་ཁངས་མ་ཆར་བབས་ཤིང་། དབྱར་ལྗོངས་སུ་ཁ་བའི་འདབ་མ་ལྷུང་བའི་ངོ་མཚར་ལྟད་མོ་གྲུབ། ཁ་བ་དཀར་པོ་སྟག་མའི་ཤིང་གི་ཡལ་ག་རེ་རེར་བབས་པས་མེ་ཏོག་གི་འདབ་མ་དང་ཁ་བའི་འདབ་མ་གཉིས་མཉམ་དུ་བཞད་དེ། ཁ་བའི་ཁྲོད་ཀྱི་སྟག་མའི་མེ་ཏོག་གི་མཛེས་སྡུག་ལས་བྱུང་བའི་ལྗོངས་ཁམས་ལྟ་ན་སྡུག་པ་དེ་ནི་ཡུལ་སྐོར་བ་དག་གིས་ཅིས་ཀྱང་མཐོང་དཀོན་པའི་རང་བྱུང་ཁམས་ཀྱི་ལྟད་མོ་ཞིག་ཡིན་པ་བསྙོན་དུ་མེད།

གསེར་མཚོ་མཛེས་ལྗོངས་ཁུལ་གྱི་ལྟེ་བ་ལྟ་བུར་གྱུར་པའི་འཇའ་ཚོན་མཚེའུ་ཡང་ཁ་བའི་ཁྲོད་ལྷག་པར་ལྟད་མོ་ཆེ། དྭངས་པའི་མཚེའུར་འོད་དང་ཁ་བའི་ལྡོག་རྒྱན་ཐེབས་ཏེ། མཐོན་མཐིང་ཨ་སྔོན་དགུང་ལྟ་བུ་དང་། གཡུ་ཡི་མཎྜལ་ལྟ་བུ་སོགས་ཁ་མདོག་རྣམ་པར་བཀྲ། འཇའ་ཚོན་མཚེའུ་དང་ཁ་བ་དཀར་པོ། ནགས་ཀྱི་ཀླུང་། སྟག་མའི་མེ་ཏོག་སོགས་ཀྱིས་མཐོ་སྒང་གི་དབྱར་ལྗོངས་ཀྱི་མཛེས་སྡུག་རི་མོར་བཀོད་འདུག

ཡུལ་སྐོར་བ་དག་ཡུལ་གྱི་བཀོད་པ་འདི་ལྟ་བུས་ཡིད་སེམས་བཀུག་ཅིང་གདུང་ལམ་བརྒྱུད་ནས་ལྟད་མོར་གཡེང་། དབྱར་ལྗོངས་ཀྱི་ཁ་བའི་འདབ་མར་ལག་པས་རེག་གིན། སྟག་མའི་མེ་ཏོག་གི་ངོ་མཚར་བའི་འདབ་མ་རེ་རེ་ཡིད་དུ་ལེན་བཞིན། འཇའ་ཚོན་མཚེའུ་ཡི་མཛེས་སྡུག་གི་བཀོད་པའི་རི་མོར་སེམས་པ་གཡེང་བཞིན་གནས། ཁོ་ཚོ་ལས་འགའ་ཞིག་ནི་ལྗོངས་ཁམས་འདི་ལྟ་བུ་མཐོང་བའི་མོད་ལ་པར་ལེན་པ་སོགས་ཀྱི་ལས་ལ་བྲེལ་བ་དང་འགའ་ཞིག་ནི་ཡིད་ལ་དབྱིངས་ཞུགས་པ་བཞིན་ལྟ་བས་ཆོག་མི་ཤེས་པར་གྱུར་ནས་གདའ།ཟུང་ཆུ་རྫོང་གསེར་མཚོ་མཛེས་ལྗོངས་ཁུལ་ནི་མཚོ་འཕགས་ཅུང་མཐོ་བའི་གནས་སུ་ཡོད་ཅིང་མཚོ་འཕགས་ཀྱི་བར་ཁྱད་དང་ཧེ་བག་ཀྱང་ཅུང་ཆེ་བས། གནམ་གཤིས་ཀྱི་འགྱུར་ལྡོག་ཀྱང་ཅུང་ཆེ་བར་ཡོད། འོན་ཀྱང་དབྱར་ཟླ་དྲུག་པར་ཁ་བའི་འདབ་མ་འབབ་པའི་གནམ་གཤིས་ནི་ཅུང་དམིགས་བསལ་བ་ཞིག་ཡིན་ནོ།། (གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2026-06-30 ཟུང་ཆུ་རྫོང་གི་གསེར་མཚོ་མཛེས་ལྗོངས་ཁུལ་གྱི་སྐོར་བཀོད་པ། 4 4 阿坝日报藏文 c226857.html 1 དབྱར་ཟླ་དྲུག་པར་ཁ་བའི་འདབ་མ་ལྷུངས།། གསེར་མཚོའི་མཛེས་ལྗོངས་ལྟ་བས་ཆོག་མི་ཤེས།། /enpproperty-->