ངེད་གསར་འགྱུར་གྱི་གསར་བཀོད། ད་ལྟ་ནི་ཆུ་བྲུབ་དུས་གཙོ་བོ་ཡིན་པས་ཆུ་བྲུབ་པར་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་ཆེད། བཙན་ལྷ་རྫོང་གིས་མགྱོགས་མྱུར་སྒོས་བྲུབ་འགོག་དམངས་འཚོའི་ལས་གྲྭ་སྣ་ཚོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་བྲུབ་འགོག་བདེ་འཇགས་འགོག་སྲུང་དྲ་བ་བརྒྱུད་རིམ་ལྡན་པར་བསྐྲུན།
ཁྲུང་ཏེ་ཡུལ་ཚོས་ལག་བསྟར་བྱས་པའི་ཆུ་ལོག་ལུང་ཤུར་བཅོས་སྐྱོང་ལས་གྲྭའི་ནང་ཆུ་རགས་སྤྱི་ལེ་3.5གསར་སྐྲུན་དང་བརྟན་པོར་བཏང་བ་དང་། འགོག་སྲུང་འཛིང་རགས་རྒྱ་དཔངས་གྲུ་བཞི་མ་7000ལྷག་གསར་སྐྲུན་བྱས། མངོན་མེད་རྐྱེན་ངན་གྱི་ས་གནས་16བཅོས་སྐྱོང་བྱས། བཅོས་སྐྱོང་བརྒལ་ཚད་ཀྱི་སྤྱི་ལེ་26ཟིན། ལས་གྲྭ་དེས་ཁོངས་གཏོགས་ཁུལ་གྱི་བྲུབ་འགོག་གཞན་དབང་གི་རྣམ་པར་འགྱུར་ལྡོག་བཏང་ནས“གཞན་དབང་གི་ཁ་གཏད་གཅོག་པ”ནས“རང་འགུལ་འགོག་སྲུང་གི”ཕྱོགས་སུ་བསྒྱུར་ནས་ཆུ་ལོག་གིས་ཆུ་རྒྱུད་ཀྱི་གྲོང་ཚོ་དང་། ཞིང་ཁ། རྨང་གཞིའི་སྒྲིག་བཀོད་བཅས་ལ་འཇིགས་སྐུལ་བཟོ་བར་སྔོན་འགོག་ནུས་ལྡན་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱས། “ལོ་བཅུ་ཕྲག་ཁ་ཤས་རིང་བསྡད་པར། དེ་སྔ་ཆུ་བྲུབ་པའི་དུས་སུ་སེམས་ཁྲལ་ཆེན་པོ་བྱེད་དགོས་མོད། ད་ལྟ་ཆུ་རགས་མཐོན་པོ་དང་བརྟན་པོར་ཕྱིན་པས་ང་ཚོ་ཕྱི་རུ་འགྲོ་བ་དང་ཁྱིམ་དུ་འདུག་སྐབས་སེམས་བདེ་མོ་ཡིན”ཞེས་ས་གནས་ཀྱི་གྲོང་མི་ཐང་མིང་ཤའོ་ཡིས་དེ་ལྟར་བཤད།
ད་ལོ་ནས་བཟུང་བཙན་ལྷ་རྫོང་གིས་འཛུགས་སྐྲུན་དང་དོ་དམ་གཉིས་གལ་ཆེན་མཉམ་འཛིན་དང་འགོག་བཅོས་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆུ་བོ་ཆུང་འབྲིང་བཅོས་སྐྱོང་དང་། ས་གཤིས་གནོད་འཚེ་བཅོས་སྒྲིག ཆུ་རགས་བརྟན་དུ་གཏོང་བ་སོགས་ཆུ་བེད་བྲུབ་འགོག་ལས་གྲྭར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།ཆུ་བེད་ལས་གྲྭ་ཁག་3འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་2བཅོས་སྒྲིག་བྱས་པས་ལས་གྲྭ་ཚང་མར་བྲུབ་དུས་བེད་སྤྱོད་གཏོང་ཆོག་པའི་ཆ་རྐྱེན་འཛོམས་ཡོད།
དེ་དང་ཆབས་ཅིག་རྫོང་དེས་ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འགན་ལེན་འགན་འཁྲིའི་ལམ་ལུགས་བཙུགས་ཏེ་བྲུབ་འགོག་ལས་གྲྭ་དང་ས་གཤིས་གནོད་འཚེའི་གནས་ཚང་མར་ཆེད་ལས་དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་མི་སྣ་བཀོད་སྒྲིག་བྱས་ནས“ཉིན་རེར་སྐོར་ཞིབ་ཐེངས་རེ་དང་ཆར་ཆུ་མོད་པའི་དུས་སུ་གྲལ་བཤེར་ཐེངས་གཅིག་བྱེད་པའི”ལས་ཀའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་མངོན་མེད་རྐྱེན་ངན་གྱི་གནས་གཙོ་བོར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་།
མིག་སྔའི་བར།བཙན་ལྷ་རྫོང་ཡོངས་སུ་ཆུ་རགས་སྣ་ཚོགས་ཀྱི་ངོགས་སྲུང་སྤྱི་ལེ་50.212བསྐྲུན་པ་དང་ཆུ་རྒྱུད་གཙོ་བོ་དང་ཡུལ་གྲོང་གི་ཆུ་ལོག་སྔོན་འགོག་ནུས་པ་ཚང་མ་ཚད་གཞིར་སླེབས་པས“ལས་གྲྭའི་སྔོན་འགོག་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་སྔོན་བརྡའི”དེང་རབས་ཅན་གྱི་ཆུ་ལོག་སྔོན་འགོག་མ་ལག་བསྐྲུན་ཡོད། རྗེས་མར་བཙན་ལྷ་རྫོང་གིས་ལས་གྲྭའི་རྒྱུན་གཏན་སྐོར་ཞིབ་དོ་དམ་སྲུང་སྐྱོང་དང་མངོན་མེད་རྐྱེན་ངན་གྲལ་བཤེར་རྒྱུན་མཐུད་ཡག་པོ་བྱེད་པ་དང་། རྗེས་མཐུད་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་བྲུབ་འགོག་གི་ཞན་ཆ་གསབ་སྟེ། རྫོང་ཁོངས་ཀྱི་བདེ་འཇགས་འཕེལ་རྒྱས་ལ་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུའོ།།(གསར་འགོད་པ་ཚེ་དཔག་ལྷ་མོ།)



