རེ་ལྟོས་ཀྱི་རྨི་ལམ་དེའི་ཐོག་མ། མཐའ་ཡས་པའི་ཡུལ་གྲུ་ལ་བསམ་གཞིག་མི་བྱ། རྒྱུ་མེད་པའི་བས་མཐའ་ལ་ཡང་མནོ་བསམ་མི་འཆང་། ཁ་ཐག་དང་སེམས་ཐག་ཉེ་བའི་ཡུལ་ལུང་གཅིག་སྟེ། ལྟེ་ཁྲག་འཕོས་སའི་ཕ་ཡུལ་ལ་སྙིང་རུས་ཟུག་ཅིང་གློ་མཆིན་ཉེ། མི་ཚོགས་ནི་གཞན་གྱི་ལད་ཟློས་ལ་དགའ་བའི་དབུ་ཚུགས་ཀྱང་ཁོ་བོ་དེ་ལས་རིང་དུ་བཀྱེད། ཕ་ཡུལ་ཞེས་པའི་མིང་ཡིག་ལ་ལྷག་ཏུ་ཞེན་ཆགས་ཆེ་བའི་ཚོད་དུ་ལུས། ད་དུང་ཕ་ཡུལ་ལ་གཅེས་དོན་ཡང་གཏན་ཚིགས་དབྱར་གྱི་ཤ་མོ་བཞིན་རྡོལ།
ཐུག་འཕྲད་མེད་པ་ལོ་ནས་ལོ་རུ་མ་འགོར་ཡང་ཟླ་ནས་ཟླ་རུ་འགོར་བའི་དུས་སྐབས་འདིར། ཕ་ཡུལ་གྱི་རི་ལུང་མིག་ལམ་དུ་མངོན། དྲིན་ཆེ་བའི་ཕ་མ་སེམས་དབུས་སུ་ཤར། འདྲིས་མཐུན་གྱི་སྤུན་ཟླ་སྙིང་ནས་དྲན། སྙིང་རྗེ་བའི་འཚོ་བ་ཡིད་ལམ་དུ་རྒྱུད། དེའི་རྗེས་ཅི་ཞིག་དྲན་དགོས་པ་མ་དཔོག་རུང་། ཚོར་བའི་དྲན་ཤེས་ཀྱི་གཏིང་ལ་ཤུལ་དུ་ལུས་པ་མང་། ཡོད་ཚད་ནི་ཁ་ཐག་ཉེ་བའི་ཡུལ་ལུང་དང་མི་ཚོགས་ཤིག་གི་རྣམ་པ་འཆར།
བསམ་གཞིག་ཡང་ཡང་བྱེད་མཐར། རང་ཁྱིམ་གྱི་སྒོ་ཁྱི་ནག་པོ་དེ་ཡང་ཡིད་གཞུང་དུ་འཁོར། སྒོ་ཁྱི་ནི་དུད་འགྲོ་ཞིག་གི་ངོ་བོ་རུ་སྐྱེས་རུང་ང་ལ་ཤ་ཚ་མཁན་ཁྲོད་ཀྱི་གཅིག་ཡིན། ཡུན་རིང་ལ་ཐུག་འཕྲད་མེད་ཀྱང་ང་ཉིད་མཐོང་དུས་གཞན་དང་མི་གཅིག་པའི་རྣམ་འགྱུར་ཡོད། ང་ལ་ངར་སྐད་མི་སྒྲོག ལྕག་ཐག་འཐེན་ནས་ཟ་འདོད་མི་སྐྱེས། འདི་ནི་རང་ཁྱིམ་གྱི་སྒོ་ཁྱི་ངེད་གཉིས་བར་གྱི་མཛའ་བརྩེ་ཡིན། སྔོན་ལ་ཡང་རང་ཁྱིམ་དུ་འདི་འདྲ་བའི་སྒོ་ཁྱི་གཉིས་གསོ་མྱོང་། ད་ལྟ་དེ་གཉིས་ནི་ཚེ་ཡི་འཕེན་པ་ཟད་ནས་རང་ཁྱིམ་དང་བྲལ་བ། ཡིན་ཡང་ཁོ་བོས་ཀྱང་དེ་གཉིས་བརྗེད་ག་ལ་ཐུབ།
རང་ཡུལ་གད་པ་ཡིན་རུང་སྐྱིད་པ་དང་། སེམས་ན་དྲིན་ཆེ་བའི་ཕ་མ་དང་ཨ་ཁུ་ཡོད། སྙིང་ནས་བརྩེ་བའི་ཕུ་ནུའི་འདང་བརྩེ་དང་གཉེན་ཉེའི་སྐྱོབ་མ་ཡང་བདོག ད་དུང་མར་ཞོ་འོ་གསུམ་སྟེར་མཁན་གྱི་སྒོ་ཟོག་དྲིན་ཆེན་ཡང་ཡོད། ཞིབ་ཀྱིས་བསམ་ན་ཕ་ཡུལ་གྱི་མི་ཚོགས་དང་སེམས་ཅན་གཞན། ཡོད་ཚད་ནས་བདག་ལ་དྲིན་ཆེ་བ་ཤ་སྟག་ཏུ་མཐོང་། མཐའ་མེད་པའི་རྩྭ་ཐང་དང་དེ་རུ་སྐྱེས་པའི་མེ་ཏོག མཛེས་ཤིང་སྡུག་པའི་ཡུལ་ལྗོངས་སོགས་དྲིན་མི་ཆེ་བ་གཅིག་ཀྱང་མེད། ཕ་ཡུལ་ནི་ཆེས་སེམས་ཐག་ཉེ་སའི་ཡུལ་གྲུ་བླ་མེད་ཞིག་ཡིན།
ཕ་ཡུལ་ནི། བརྗིད་ཆགས་པའི་ཡུལ་གྲུ་བྱེ་བྲག་པ་ཞིག་གི་མཚོན་ཐབས་ཡིན།
ཕ་ཡུལ་ནི། ལྷ་ཡུལ་མིན་རུང་ལྷ་ཡུལ་དུ་བསམ་ཆོག་སའི་མཛེས་སྡུག་གི་ཡུལ་གྲུ་ཞིག་ཡིན།
ཕ་ཡུལ་ལགས། གཟི་མདངས་ཀྱི་རྣམ་འགྱུར་མཇལ་ལ་ཉེ་བས་ལྷག་ཏུ་སེམས་གཏིང་ནས་དྲན།



