数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

ཨ་མའི་དྲིན་བཟོའི་རབ་བྱེད།

♦དབྱངས་ལྡེའུ། 【ཆབ་མདོ】

རྫ་རིའི་རྩེ་མོར་སྤྲིན་དཀར་དབུ་ཞྭ་དལ་བུ་རླུང་གིས་གཡོ་དང་ལྷན།།

རི་རྐེད་ནགས་ཀློང་སྨུག་པའི་དར་ཡུག་ལང་ལོང་འཁྱུག་འཁྱུག་གར་སྟབས་རོལ།།

ཡལ་ག་འདབ་སྟོང་ཆར་ཟིལ་བསྣམས་པའི་དཔྱིད་གསར་ཞོགས་པའི་མཛེས་སྣང་རེ།།

མིག་གི་དབང་བོའི་ལོགས་སུ་སྟར་ཞོར་བརྩེ་བའི་ཨ་མར་འཕྲིན་གཅིག་སྤྲིངས།།

དགོ་དགོ་འབྲི་མོའི་ལྟོ་བའི་མར་འོག་མ་བཅོས་འཛུམ་ཞལ་མཛངས་མའི་མཆོག།

དཀར་དམར་མེ་ཏོག་ཀེ་སར་བྱེ་བའི་སྙིང་བཅུད་ཁུར་བསྟིམས་འོ་མའི་ཐིགས།།

ལག་ཟུང་མཐེབ་མཛུབ་ཐབས་ཤེས་ཟུང་འཇུག་མར་རྒྱན་འོ་ཟི་ལྟོ་ཡངས་པར།།

སྟིམ་པའི་འཇོ་དབྱངས་ཕུལ་ཕྱིན་དབྱངས་མཁན་སྙན་དགུའི་དབྱངས་ཀྱང་དམན་སར་འགོད།།

འདྲི་ཚིག་མང་བའི་བྱིས་པའི་འཇིག་རྟེན་རྟོག་པའི་འཆར་ཡན་འཇའ་མཚོན་གུར།།

འབྲི་མོའི་ངུར་གདངས་ལྷང་ལྷང་སྙན་སར་ཁྱོད་ཀྱིས་ཧོར་གླིང་གཡུལ་འགྱེད་ཀྱི།།

སྣང་བརྙན་གསོན་པོ་ཡིད་ཀྱི་ལྡེབ་ངོར་རྫིང་ཁར་བསྐྱོམ་པའི་ཟླ་གསལ་ལྟར།།

འཆར་སྣང་མཛེས་རྟོག་བསླུ་བྲིད་ཐེབས་པའི་ལོ་ཟླའི་རྨི་ལམ་ཁྱོད་ཀྱིས་གནང་།།

སྣང་ངུ་སྲས་པོ་ལང་ཚོའི་མེ་ཏོག་འདབ་མ་ཧོར་ནས་འཐོར་བའི་ཤུལ།།

ཞལ་དཀར་དཔའ་བོའི་ཁྲ་རྨོག་དར་འཕྲུལ་འཛིན་མའི་སྒ་གཞུང་འགྱེལ་བའི་ཤུལ།།

འཆར་ཡན་ཀློང་གི་གླིང་ཀ་སྟོད་སྨད་གོད་ཆགས་བུ་ཡུག་འཚུབ་པའི་དུས།།

མ་ཁྱོད་ཡིད་ངོགས་དགུན་ཟླ་ཚེས་པར་ངག་གི་འགྱུར་ཁུགས་རེ་རེས་འགྲེལ།།

མ་སྦྱངས་མ་བསླབ་བདག་བས་གཞན་གཅེས་སེམས་ཀྱི་མཆོག་ནོར་བརྩེ་བའི་མར།།

ཆུ་ལ་ཆུ་བཞག་དཔེ་རུ་ལེགས་འཇོ་ཚེ་གཅིག་གཞན་དོན་སླད་དུ་རྒས།།

རླབས་ཆེན་ཨ་མའི་བྱམས་བརྩེའི་འཛིན་མར་སྐྱེ་རྒུ་བདེ་སྐྱིད་དགོད་སྒྲའི་ངང་།།

མཚར་སྡུག་ལང་ཚོའི་འདབ་ལག་གྲོལ་བས་སྣང་བའི་མཛེས་པའི་ལྟད་མོ་མཐོང་།།

གཞོན་ཚེར་ཁྱིམ་གཞིས་གཡང་རའི་སླད་དུ་ས་སྲོད་སྐར་ཚོམ་ཐོད་དུ་བཅིངས།།

ནམ་སྨད་རྨི་ལམ་དེ་ཕོས་དཀྲོག་རྗེས་སྐྱ་རེངས་སྐྱ་མདའ་འཛུམ་གྱིས་བསུས།།

དཀའ་ཚེགས་རྔུལ་ཆུའི་མུ་ཏིག་ཕྲེང་བ་གདོང་དུ་འཐོར་རུང་ཧུར་ཐག་གིས།།

ལས་ལ་བརྩོན་ཀྱང་དཀའ་བའི་འཁུན་སྒྲ་འབྱིན་པ་མེད་པའི་ཨ་མ་མཆོག།

མཐའ་དང་སྣེ་མོ་དམིགས་པ་མེད་པའི་ལམ་གྱི་གླེགས་བམ་འཐུག་པོའི་མཐིལ།།

ཁེར་མའི་འགྲུལ་བཞུད་སྙིང་གི་བུ་ལོའི་རྒྱབ་གཟུགས་ལྡེབ་ངོགས་མིག་ཆུ་ཡིས།།

རེ་སྒུག་སྨོན་ལམ་ཁ་དོག་བྱུགས་མཁན་ཕྱིར་མིག་ཁྲོད་ཀྱི་ཨ་མ་ལགས།།

གཏད་སོ་མེད་པའི་འཁྱམ་པོའི་བདག་སླད་ངལ་བས་དུབ་པ་ཨེ་བྱུང་ངམ།།

གཟུགས་མེད་དུས་ཀྱི་བྱེད་པོའི་ཕྱག་གིས་ཁྱོད་ཀྱི་དབྲལ་བར་གཉེས་རིས་ཕབ།།

མཐའ་མེད་ལམ་གྱི་བསླུ་བྲིད་ལྕགས་ཀྱིས་ངའང་ས་མཐའི་སྡེ་གྲོང་ཁྲིད།།

ཟུར་གསུམ་དུས་ཀྱི་སྙིམ་པས་བཅུམ་བསྡོམས་མ་ལུས་འགྲོ་བ་ཀུན་ལ་ནི།།

རང་རང་ཉེ་བའི་བྱམས་ལྡན་ཨ་མའི་དྲིན་བཟོ་ཆེན་མོ་ཚོར་གྱུར་ཅིག།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-07-14 ♦དབྱངས་ལྡེའུ། 【ཆབ་མདོ】 4 4 阿坝日报藏文 c227257.html 1 ཨ་མའི་དྲིན་བཟོའི་རབ་བྱེད། /enpproperty-->