དཔྱིད་གསུམ་སྦྲང་ཆར་ཐོག་མའི་བཞད་སྒྲ་དེ།།
རྫི་བོའི་དིང་གླིང་དང་སྦྲགས་ལྷང་ལྷང་གྲགས།།
ལྷོ་མོན་ལྷ་བྱ་སྔོན་མོའི་གསུང་སྐད་དང།།
ཆར་བའི་རོལ་དབྱངས་ཟུང་གཅིག་ནགས་ན་མཐུན།།
དབྱར་གྱི་རྩྭ་ལྗང་ན་ཡི་ཁུད་དག་ན།།
ཆར་བའི་རྡོག་པ་འབབ་པ་ཐིགས་ཆུའི་དབྱངས།
འབྲོང་གཡག་རྭ་ཟུང་འཕྲད་པའི་རྣོ་ངར་གྱི།།
ཟིལ་ཤུགས་བར་ན་རམ་དཀྲོལ་རོལ་མོ་སྒྲོག།
ནམ་ཟླ་སྟོན་ཁ་མ་བོས་ངང་གིས་སླེབས།།
སྤང་རྒྱན་སྔོན་མོ་འཛིན་མའི་རྒྱན་དུ་བཞད།།
བ་མོ་དཀར་པོས་གྱེས་པའི་འདབ་གཤོག་སྒྱུར།།
མཚན་མོའི་ཆར་བ་རོལ་དབྱངས་སྟོང་གིས་འབབ།།
ནམ་མཁའི་སྤྲིན་གྱི་བཅུད་བཟང་ཤག་ཤག་གིས།།
ས་གཞི་བུ་མོའི་ཁེར་རྐྱང་རུམ་ཁ་བརླན།།
མཚན་མོའི་སྟོང་འཇགས་མལ་གྱི་གཉིད་གླུ་སྟེ།།
ཆར་བའི་རོལ་དབྱངས་སྙན་ངག་གསོས་སུ་གྲགས།།
ས་ཆེན་ཕང་བ་མཚན་མོའི་ཡོལ་བས་སྒྲིབ།།
མི་རྐྱང་མལ་གྱི་བསམ་གཞིགས་དྲི་ཟའི་བུ།།
དྲི་བཞོན་རླུང་དང་གཡུ་འབྲུག་གྲོགས་སྦྲན་ཏེ།།
གཏམ་གྱི་བཟླས་བརྗོད་ཆར་བའི་རོལ་དབྱངས་འཐེན།།
མཆོག་གསུམ་བྱིན་མཐུའི་རང་སྒྲ་ཆར་བས་སྒྲོག།
ཕ་མའི་བསླབ་བྱ་དྲོན་མོ་ཆར་བས་གསུངས།།
རྒྱང་རིང་བུ་མོའི་གཞས་འདྲ་ཆར་བས་གྱེར།།
སྙན་ངག་ཚིག་གི་དུང་བརྡ་ཆར་བས་འབུད།།
སྨུག་སྤྲིན་འཇའ་གུར་ཀློང་ན་ཆར་བ་དགོད།།
ནོར་ལུག་རྦ་རླབས་ཁྲོད་ན་ཆར་བ་བཤུམ།།
སྒོ་ཁྱིའི་གཅོང་སྐད་དང་འགྲོགས་ཆར་བ་བྱོ།།
ཞོགས་སྤྲིན་སྨུག་པའི་དབུས་ན་ཆར་བ་འཇོ།།
ཆར་བའི་རོལ་དབྱངས་རེག་ཟིག་བྱས་པའི་གླུ།།
གློ་བུར་སྙིང་ཆུང་ཁོག་ན་ལྷོག་ལྷོག་འཁྲོལ།།
དུས་གསུམ་སེམས་ཀྱི་སྒྲ་དབྱངས་རྒྱུད་སྐུད་འདི།།
སྟོན་ཟླ་བརྒྱད་པ་རྒྱས་པའི་མཆོད་པ་ཡིན།།
ད་ནི་མི་འགྱངས་དགུན་གྱི་གངས་རླུང་གིས།།
ཆར་བའི་རོལ་དབྱངས་ཁུ་སིམ་འཁྱག་ལ་བསྙལ།།
སྣོད་བཅུད་སྨྲ་བཅད་རྫུ་ལ་བསྟེན་ངེས་ཡང་།།
སང་ལོའི་དྲོད་གཤེར་ཀློངས་ནས་གླུར་བཞེངས་ཤོག།



