【ནང་དོན་གནད་བསྡུས།】
སློབ་གསོ་ནི་མིའི་རིགས་ཀྱི་ཤེས་རབ་འཕེལ་རྒྱས་དང་ལུས་སེམས་བདེ་སྐྱིད་ཀྱི་གཞི་རྩའི་ལམ་བུ་ཉག་གཅིག་ཡིན་ལ། སྤྱིར་སློབ་གསོར་བརྟེན་ནས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་རྒྱུན་ཤེས་ཤིག་ཡིན་མོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པར་སློབ་གསོའི་ཐབས་ལམ་དང་གཞུང་ལུགས། གནས་བབ་སོགས་ལ་དུས་བསྟུན་མདུན་སྐྱོད་བྱེད་ཐབས་ལ་འགྱུར་བ་གཏོང་དགོས་པ་གཡོལ་དུ་མེད་པའི་ཆོས་ཉིད་ཅིག་ཡིན་པ་ངོས་ཟིན་རྒྱུ་ནི་ང་ཚོ་སློབ་གསོའི་ལས་གནས་ན་ཡོད་པའི་དགེ་རྒན་ཚང་མས་བསམ་གཞིག་མི་གཏོང་རང་གཏོང་གི་གནད་དོན་ཞིག་ཡིན། རང་ཅག་གིས་འབྲོག་ཁུལ་སློབ་གསོའི་གནས་བབ་ལ་བསམ་གཞིག་རྣལ་མ་བཏང་ནས་འབྲོག་པའི་བྱིས་པ་ཚོར་སློབ་གསོ་ག་འདྲ་ཞིག་གི་ཁོར་ཡུག་སྐྲུན་པར་འབད་པ་ཧུར་ཐག་བྱེད་རྒྱུ་དེའང་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པ་ངོས་ཟིན་རྒྱུ་ཧ་ཅང་གལ་ཆེའོ།།
【བརྡ་ཆད་གཙོ་བོ།】 ཁྱིམ་ཚང་གི་སློབ་གསོ།སློབ་གྲྭའི་སློབ་གསོ།སློབ་གྲྭའི་དོ་དམ།དགེ་རྒན་གྱི་དཔུང་སྡེ།
སྤྱིར་ན་འདས་པའི་ལོ་བཅུ་གྲངས་ཀྱི་ནང་དུ་ང་ཚོའི་འབྲོག་ཁུལ་སློབ་གསོར་འཕེལ་རྒྱས་ཆེན་པོ་སོང་ཡོད། དཔེར་ན་སློབ་གྲྭ་སོ་སོའི་ཕྱིའི་འཛུགས་བསྐྲུན་དང་ནང་གི་སྒྲིག་ཆས། སློབ་གྲྭའི་དོ་དམ་དང་། དགེ་རྒན་གྱི་དཔུང་སྡེ། སྤྱི་ཚོགས་ཀྱིས་གདེང་འཇོག་དང་ཁྱིམ་བདག་གི་རྒྱབ་སྐྱོར་སོགས་སྔར་མེད་པའི་ཡར་རྒྱས་ཆེན་པོ་ཡོད། ང་ཚོར་གོང་གསལ་གྱི་ཆ་རྐྱེན་དེ་དག་ཚང་བས་སློབ་གསོའི་བྱེད་ནུས་ཀྱིས་འབྲོག་པའི་བྱིས་པ་ཚོའི་ལུས་ངག་ཡིད་གསུམ་ལ་འགྲོ་བ་མིའི་སྐྱེ་འཕེལ་ཆོས་ཉིད་དང་མཐུན་པའི་ཚན་རིག་རང་བཞིན་དང་མི་ཆོས་རང་བཞིན་གྱི་གྲུབ་འབྲས་ཞིག་འཐོབ་ཐུབ།
དེང་སྐབས་འབྲོག་ཁུལ་སློབ་གྲྭ་བརྒྱ་ཆ་དགུ་བཅུ་ཡན་ཆོད་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཡིན་ལ། བྱིས་པ་ལོ་ཚད་དྲུག་ལ་སླེབས་དུས་ནས་ཕ་མ་དང་གྱེས་ཏེ་སློབ་གྲྭའི་ནང་ཞག་སྡོད་བྱེད་ཀྱིན་ཡོད། བྱེད་ཐབས་འདི་ལ་ཕ་མའི་གོ་བ་ལེན་ཚུལ་ཡིན་ན་རང་གི་བྱིས་པ་ཆུང་དུས་ནས་སློབ་གསོ་མྱོང་དུ་འཇུག་པ་དང་སློབ་གྲྭར་འགྲོ་བ་གོམས་གཤིས་སུ་ཆགས་ཐུབ་པའི་རེ་བ་དང་ཀུན་སློང་ཡོད།དེ་ལྟར་བྱིས་པའི་སློབ་གསོ་ནི་སློབ་གྲྭ་ཁོ་ནས་གནང་ཐུབ་པ་ཞིག་ལ་སེམས་ནས་བྱིས་པ་འགྲོ་ཐུབ་པ་ཙམ་གྱིས་སློབ་གྲྭར་སྐྱེལ་བ་དང་ཞག་སྡོད་བྱས་ཏེ་སློབ་མ་སློབ་གྲྭར་དགའ་བ་དང་ཁེར་ཚུགས་ཀྱི་ནུས་པ་ཆགས་ཐུབ་པ། ཆུང་དུས་ནས་མི་དང་མིའི་བར་ལ་འབྲེལ་བ་འཛུགས་པའི་ནུས་པ་གསོ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད། བྱིས་པ་རྒྱུན་ལྡན་གྱི་འཚར་ལོངས་ཡོང་དགོས་ན་ནང་སེམས་ཀྱི་འཇིག་རྟེན་ལ་བརྩེ་བ་དང་སྤྲོ་སྣང་གིས་ཕྱུག་དགོས་པ་མ་ཟད་ནང་སེམས་བདེ་སྐྱིད་ཅིག་གི་འོག་ཏུ་ལུས་ཕུང་དེ་རིམ་བཞིན་གཉོམ་ལག་རྒྱས་དགོས།དེར་བརྟེན་འབྲོག་ཁུལ་སློབ་གྲྭས་བསམ་བློ་གཏོང་དགོས་པ་ཞིག་སྟེ། ང་ཚོས་ཅི་ལྟར་བྱས་ན་ཁྱིམ་ཚང་སློབ་གསོའམ་ཁྱིམ་གྱི་བརྩེ་བ་དེ་སློབ་མར་འཚར་ཐུབ་པ་དང་ཅི་ལྟར་བྱས་ན་ད་གཟོད་སློབ་མ་རྣམས་དགེ་རྒན་ལ་དགའ་ཡོང་བ། སློབ་གྲྭར་ཁོར་ཡུག་གང་འདྲ་ཞིག་ཆགས་ཐུབ་ན་ད་གཟོད་སློབ་མ་རྣམས་སློབ་གྲྭར་ཞུགས་རྒྱུར་སྤྲོ་སྣང་རྒྱས་ཐུབ་པ་སོགས་ནི་དེང་སྐབས་གལ་ཆེ། སློབ་གསོ་བ་ཆེན་མོ་གང་དེས་སློབ་ཐུན་དང་བསླབ་དེབ། དགེ་རྒན་གསུམ་སྲོག་ཤིང་དུ་འཛིན་པའི་སློབ་གསོའི་ལམ་ཕྱོགས་དེར་འགྱུར་བ་བཏངས་ནས་སློབ་མ་དང་བྱ་འགུལ། ཉམས་མྱོང་གསུམ་སྲོག་ཤིང་དུ་འཛིན་དགོས་ཚུལ་གསུང་བ་དེའང་བསམ་གཞིགས་ཟབ་མོ་ཞིག་ཡིན་སྙམ།
སློབ་མ་ལ་བརྩེ་བ་ཡོད། དགའ་ཕྱོགས་ཡོད། བསམ་གཞིགས་ཡོད། མཚར་སྣང་ཡོད། ཕུགས་བསམ་ཡོད། ཚོར་བ་ཡོད། ཁོ་ལ་ཆོས་ཉིད་ཀྱིས་གྲུབ་པའི་སེམས་ཁམས་དང་རང་གཤིས་ཡོད། ང་ཚོས་འདི་དག་ལ་རེ་རེ་བཞིན་ཚན་རིག་དང་མཐུན་པའི་སྒོ་ནས་ངེས་ཤེས་བཙལ་ཏེ་དགེ་རྒན་གྱིས་སློབ་མ་ལ་བསྟུན་ཅི་ཐུབ་དང་དེ་དག་སོ་སོར་བརྩི་འཇོག་བྱས་ནས་སློབ་མའི་འཚོ་བ་ནས་མགོ་བརྩམ་སྟེ་ཁྱིམ་ཚང་གི་བརྩེ་བ་དང་ཁྱིམ་ཚང་གི་སློབ་གསོ་སོགས་འཚབ་ཐུབ་པར་འབད་པ་ཧུར་ཐག་བྱས་ན་ད་གཟོད་བྱིས་པ་གང་མང་ཞིག་སྤྲོ་སྣང་གིས་ཟིན་པའི་སློབ་སྦྱོང་གི་ལམ་བུ་ཞིག་རྙེད་ཐུབ།
དེང་སྐབས་ང་ཚོའི་འབྲོག་ཁུལ་སློབ་གསོ་ནི་སློབ་མའི་སྐྱེ་འཕེལ་ཆོས་ཉིད་དང་མི་གཞིའི་བསམ་བློ། ལྷན་སྐྱེས་ཀྱི་སེམས་གཤིས་དང་བྱིས་པའི་སེམས་ཁམས་ངོ་བོ་སོགས་ཕྱོགས་ཡོངས་ལ་བརྩི་བཀུར་བྱེད་པར་སློབ་གྲྭ་དང་དགེ་རྒན་རྣམས་ཀྱིས་ལས་ལ་བརྩོན་བཞིན་ཡོད། དགེ་རྒན་མང་ཕྱོགས་ལ་འབད་མོས་ཡོད་ལ། སློབ་མར་ཤ་ཚ་སྙིང་ཉེ་ཆེ་ཡང་ནུས་རྩལ་གྱིས་འདང་བ། ལྷག་བསམ་ཆེ་ལ་འབྲས་བུ་ཆེ། སློབ་ཁྲིད་ཀྱི་ངོ་བོ་དང་སློབ་གསོའི་རྩ་བའི་གནད་དོན་ལ་རྒྱུས་ལོན་ཡོད་པར་སློབ་མའི་སེམས་ཁམས་དོ་སྣང་གཙིགས་ཆེན་དང་སློབ་ཁྲིད་ལག་ཆར་སྣང་ཆེན་དང་ལས་བྱར་སྣང་ཆེན་དགེ་རྒན་རང་ཉིད་ཀྱི་དམིགས་འབེན་ཆེད་བརྩོན་ནས་སློབ་མའི་སེམས་ཁམས་དོ་སྣང་དང་སློང་ཁྲིད་ལག་ཆར་ནུས་ཚོད་ལ་འདང་ཅི་ཐུབ་ཀྱིས་རྒྱག་བཞིན་ཡོད། སྤྱིར་སློབ་གྲྭ་ནས་སློབ་མས་ཤེས་བྱ་སྦྱོང་བ་དང་རྒྱུགས་ལེན་པ་སོགས་མ་མཐའི་ཚང་དགོས་པའི་སློབ་གྲྭ་དང་དགེ་རྒན་གྱི་ལས་ཀ་ཞིག་ཡིན།ང་ཚོས་ངེས་པར་དུ་ལས་ཀ་འདི་སྐྱོང་བའི་གོ་རིམ་ཁྲོད་དུ་གཏན་དུ་བརྗེད་མི་རུང་བ་ཞིག་ཡོད་པ་ནི་སློབ་མ་རེ་དང་སེམས་ཁམས་རེ།དགའ་ཕྱོགས་རེ།གཤིས་ཀ་རེ།ཁྱིམ་ཚང་གི་ཁྱད་པར་རེ་ཡོད།ང་ཚོས་འདི་དག་ལ་རེ་རེ་བཞིན་བརྩི་འཇོག་བྱས་ནས་སློབ་མ་རེ་རེ་དང་བསྟུན་པའི་བྱ་བ་བསྒྲུབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ།།དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་གོ་རིམ་ནང་སློབ་མར་དོན་དམ་གྱི་མི་ཆོས་ཀུན་སྤྱོད་འཇུག་ལྡོག་གི་སློབ་གསོ་ཞིག་གནང་ཐུབ་པར་སློབ་མའི་ཁོག་ན་རང་ཉིད་ཀྱི་ལྟ་ཚུལ་ཅི་རིགས་ཡོད་རུང་གླེང་ཆོག་སའི་ཁོར་ཡུག་ལྡན་དགོས་པ་དང་།སློབ་མར་ལེགས་ཉེས་བླང་དོར་གྱི་མིག་དཔེ་ཅན་ཞིག་དང་ཤ་ཚ་སྙིང་ཉེ་ཡི་སེམས་གཏམ་བཤད་ནི་ཞིག་ཡོད་དུས་སློབ་མར་དགའ་བ་དང་བརྩེ་འཛུམ། རང་བཀུར་དང་རང་རྩིས། རང་ཉིད་ལ་ཡིད་ཆེས་རྙེད་དུས་སློབ་མས་ཁྱིམ་ཚང་གི་ཕ་མ་དང་འཚོ་བ་མང་པོ་ཞིག་ཡིད་ལ་དྲན་ཡོང་དུས་སློབ་གྲྭར་འགྲོ་རྒྱུར་དགའ་སྣང་སྐྱེས་པ་དང་སློབ་སྦྱོང་ལ་དགའ་སྣང་འབྱུང་སྲིད།
མདོར་ན།བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་ཚེ་བྱིས་པ་རྣམས་ནི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་གྱི་དྲོད་ཁོལ་གཉིས་ལ་ཁ་བྲལ་ནས་སློབ་གྲྭའི་ནང་ཐོན་པ་ན་དགེ་རྒན་ནི་སློབ་ཐུན་སྐབས་ཀྱི་དགེ་རྒན་དང་སློབ་ཕྱིའི་ཁྲོད་ཀྱི་ཕ་མ་ཡིན་དགོས།བྱིས་པ་ཚོར་རང་ཅག་དགེ་རྒན་རྣམས་ཀྱི་བརྩེ་བ་མཁོ།འཚམས་འདྲི་མཁོ། རོགས་རམ་མཁོ། སྙིང་གཏམ་མཁོ། གདེང་འཇོག་མཁོ། དུས་རྒྱུན་སློབ་མ་དང་མཉམ་དུ་ཀུ་རེ་བྱེད་པ་དང་རྩེད་མོ་རྩེ་བ་སོགས་ཀྱང་མཁོ། ཁྱིམ་ཚང་སློབ་གསོ་ལ་ཁ་བྲལ་བའི་ བྱིས་པ་རྣམས་ལ་འཚོ་བའི་གོམས་གཤིས་དང་སློབ་སྦྱོང་གི་འདུ་ཤེས།མི་གཞི་ཀུན་སྤྱོད་སོགས་གང་ཅིའི་ཐད་དུ་ང་ཚོས་ངེས་པར་དུ་སློབ་གསོ་ཡག་པོ་བྱེད་དགོས་སོ།།



