【ནང་དོན་གནད་བསྡུས།】
དཔྱད་རྩོམ་འདིར་བོད་ཀྱི་རྩོམ་རིག་གཞུང་ལུགས་དང་ལོ་ཙཱའི་འབྲེལ་ཡོད་ཤེས་བྱ་ཟུང་འབྲེལ་བྱས་ཤིང་། མ་ཡིག་དང་འགྱུར་ཡིག་ཕན་ཚུན་བསྡུར་བའི་ཐབས་ལ་བརྟེན་ནས《ལུག་ཚེ་ཐར》ཞེས་པའི་འགྱུར་རྩོམ་གྱི་དགེ་སྐྱོན་གླེང་བ་གཙོ་བྱས་ཤིང་། འགྱུར་ཡིག་གི་དགེ་མཚན་སྐོར་ཏེ། བརྗོད་བྱ་མི་རིགས་རིག་གནས་དང་འབྲེལ་བ་དང་། ཐ་སྙད་བཀོལ་བ་འཚམས་ཤིང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་སྦྱོར་མཛེས་ལ་སྲོལ་རྒྱུན་གྱི་ཐ་སྙད་འགའ་ཤས་ཉམས་པ་སླར་གསོ་བྱས་པ་སོགས་དགེ་མཚན་གྱི་སྐོར་དང་། སྒྱུར་ཐབས་དང་བསྒྱུར་རིམ་ཁྲོད་ཀྱི་བསྒྱུར་ཐབས་ཀྱི་དགེ་ཡོན་འགའ་ཡང་གླེང་བར་བརྟེན། དེས་ཕྱི་རབས་ལོ་ཙཱ་བ་དང་ཀློག་པ་པོར་ཐེབས་པའི་ཤུགས་རྐྱེན་ཅི་ཞིག་ཐེབས་པ་དང་། རྩོམ་པ་པོ་དང་ལོ་ཙཱ་བ་ཞིག་ཡིན་ཕྱིན་དེ་ལ་ངེས་དགོས་པའི་ཀུན་སློང་དང་རྩ་དོན་ཅི་ཡོད་ཀྱི་ཆ་ལ་དཔྱད་ཞིབ་བགྱིས་ཡོད།
【བརྡ་ཆད་གཙོ་བོ།】 སྒྲུང་གཏམ།ལོ་ཙཱ།ཚིག་སྦྱོར།
མཁས་པའི་དབང་པོ་རྡོ་སྦིས་དགེ་བཤེས་མཆོག་ནས་ལུང་གི་རྒྱབ་རྟེན་མེད་པའི་རིགས་འཆལ་དང་།།རིགས་པའི་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།ལུང་རིགས་གཉིས་འཛོམས་མཁས་ལྡིང་དབང་པོར་མཛོད།། ཅེས་གསུངས་པ་བཞིན་ཕྲན་གྱིས་དཔྱད་རྩོམ་འདིར་རྩོམ་རིགས་གཞུང་ལུགས་དང་ལོ་ཙཱའི་གཞུང་ལུགས་ཀྱི་དཔྱད་གཞི་དང་ལུང་རིགས་བསྡུ་སྒྲིག་བྱས་ཏེ།《ལུག་ཚེ་ཐར》བོད་འགྱུར་མའི་དགེ་ཡོན་ལ་དཔྱད་པར་བྱའོ།།
དང་པོ། ལོ་ཙཱའི་དོན་སྙིང་དང་ཕན་ནུས་རགས་ཙམ་བརྗོད་པ།
ལོ་ཙཱའི་སྤྱི་ཚོགས་ཀྱི་ཕན་ནུས་ནི་ལོ་ཙཱར་བརྟེན་ནས་སྤྱི་ཚོགས་དང་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཇེ་ཟབ་དུ་གཏོང་ཞིང་། མི་རིགས་སོ་སོས་རིག་གནས་ཀྱི་གྲུབ་འབྲས་དང་ཕུལ་བྱུང་རིག་གནས་བརྗེ་རེས་ལ་ཕན། ལོ་ཙཱའི་དོན་སྙིང་ཆེས་ཆེ་བ་ནི་དེས་མི་རིགས་རིག་གནས་སྐོར་གྱི་ཕན་ནུས་དེ་ཡིན་པར་སྙམ། མི་རིགས་ཤིག་གི་རིག་གནས་འཕེལ་བའི་འགག་རྩ་ནི་མི་རིགས་དེའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྙིགས་དོར་བཅུད་ལེན་བྱས་ཐོག མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ནང་འདྲེན་དང་སློབ་སྦྱོང་བྱེད་པ་དེ་རེད། རིག་གནས་ནང་འདྲེན་དང་བརྗེ་རེས་ཀྱི་ཐབས་ལམ་ཉག་གཅིག་ནི་ལོ་ཙཱ་སྟེ། ལོ་ཙཱ་བྱ་བས་མི་རིགས་སོ་སོའི་རིག་གནས་ཀྱི་བར་ཐག་ཉེ་བར་བཏང་ཞིང་མི་རིགས་རིག་གནས་ཀྱི་ནང་དོན་ཕུན་ཚོགས་ཇེ་ཚོགས་སུ་བཏང་ཡོད། གཞན་སྐད་བརྡ་སོགས་ལའང་དོན་སྙིང་ཆེ་བར་སྙམ་སྟེ། སྐད་རིགས་གང་ཞིག་ཡིན་ཡང་གཞན་སྐད་ཀྱི་ཤུགས་རྐྱེན་ཏོག་ཙམ་མངའ་བ་ནི་སྨོས་མ་དགོས་ཏེ། ཤུགས་རྐྱེན་དེ་དག་ལ་བརྟེན་ནས་བོད་ཡིག་གི་ཕུལ་བྱུང་བརྩམས་ཆོས་མང་པོ་ཡོད།དེ་བས་ལོ་ཙཱ་ལ་བརྟེན་ནས་མི་རིགས་རིག་གནས་འཕེལ་ཞིང་གཞན་གྱི་རིག་གནས་ནང་འདྲེན་དང་། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་སོགས་མི་རིགས་གཞན་ལ་བརྒྱུད་སྤེལ་དང་ཤེས་རྟོགས་བྱེད་པར་དོན་སྙིང་ངེས་ཅན་ཡོད་དོ།།
གཉིས་པ། 《ལུག་ཚེ་ཐར》བོད་འགྱུར་མའི་སྐོར་རང་གི་བསྒྱུར་ཚུལ་ཐད་ཀྱི་བསམ་ཚུལ་རགས་ཙམ་བརྗོད་པ།
གུས་ཚིག་དང་སྐུལ་ཚིག་བསྒྱུར་བའི་སྐྱོན་ཆ། དཔེར་ན། “ཁྱོད་ཀྱིས་ཇོ་བོའི་མདུན་ནས་སེམས་རྣལ་མོས་གསོལ་བ་གདབ་ཆོག”ཟེར། དེ་ལས“祈祷吧”ཞེས་པ“གསོལ་བ་ཐོབས་ཤིག”ཅེས་བསྒྱུར་ན་ལེགས་པར་སྙམ། ཡང虔诚—ལྷག་བསམ་རྣམ་དག་ཅེས་བསྒྱུར་ན་ལེགས། ཡང“爷爷,这是你的绵羊吗?ཨ་མེས། ལུག་འདི་ཁྱེད་ཀྱི་ཡིན་ནམ”ཟེར། ཞེས་པ་ལས爷爷ནི་རང་གི་རྒན་རབས་ལ་འབོད་པའི་ཐ་སྙད་ཅིག་ཡིན་སྟབས་ཨ་མྱེས་ཞེས་བསྒྱུར་ན་རང་སྐད་དུ་ཡོད་ལ་གོ་བདེ་བར་སྙམ། “ཀན་སུའུ་ཡི་སྐྱེས་པ་དེས་དང་པོ་ཧ་ལས་པའི་ཚུལ་གྱིས་ངའི་ཕྱོགས་ལ་ལྟ་བར་བྱེད་ཅིང་དེ་ནས་མནོ་བསམ་གཏོང་བར་བྱེད།”ཅེས་པ་ལས། 甘肃人ཞེས་པ་དེ་འབྲེལ་སྒྲ་ལས་བདག་པོ་དང་ཡུལ་གྱི་འབྲེལ་བ་ཡིན་ཏེ། ཀན་སུའུ་ཡི་མི་ཞེས་པའམ་ཀན་སུའུ་བ་ཞེས་པ་ལྟར་བསྒྱུར་ན་འགྲིག་སྙམ། གཞུང་ལས། “བདག་སྒྲ་ཡར་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས”ཞེས་པ་དང་མཐུན་པས་དོན་དང་ཡང་མི་འགལ་བ་དེའོ།།ཡང “时针在奔跑,它把太阳送到了西边的山后。ཆུ་ཚོད་འཁོར་ལོའི་ཁབ་རྩེ་མགྱོགས་པོར་རྒྱུག་ཅིང་དེས་ཉི་མ་ནུབ་རིའི་ཕག་ཏུ་བསྐྱལ།”ཞེས་པའི་བསྒྱུར་ཐབས་ནི་ཐད་བསྒྱུར་ཡིན། “ཆུ་ཚོད་འཁོར་ལོའི་ཁབ་རྩེ་ནི་ནི་མགྱོགས་པོར་རྒྱུག”ཅེ་ན་དེ་ཙམ་འོས་འཚམས་མིན་པར་སྙམ། དེར་དོན་བསྒྱུར་གྱི་བསྒྱུར་ཐབས་བཀོལ་སྤྱོད་བྱས་ན་ལེགས་སྟེ། གོང་གི་ཚིག་དེའི་ནང་དོན་མདོར་བསྡུས་ན་དུས་ཚོད་སོང་བ་མགྱོགས་པ་དང་ཉིན་གཅིག་གི་དུས་ཚོས་ཧ་ཅང་ཐུང་བ་བསྟན་ཡོད། དེ་བས་བསྒྱུར་སྐབས་ཚིག་རེ་རེ་བཞིན་བསྒྱུར་ན་ཀློག་མི་བདེ་བའམ་དོན་བསྟན་པ་གོ་བདེ་བར་འགྱུར་བར་སྙམ། “དུས་ཚོད་ནི་སྐད་ཅིག་ཙམ་གྱིས་ཡལ་འགྲོ་སྟེ་དེས་ཉི་མ་ནུབ་རིའི་ཕག་ཏུ་བསྐྱལ་སོང་།”དེ་ལྟར་བསྒྱུར་ན་གོ་བདེ་བར་འགྱུར་བར་འདོད། ཡང“这头绵羊懂人性啊 ལུག་འདིར་མི་ཡི་གཤིས་ཀ་ལོབས་འདུག”ཅེས་བསྒྱུར་ན་མ་རྩོམ་གྱི་ནང་དོན་འགྱུར་འགྲོ་བར་སྙམ། “ལུག་འདིའི་མིའི་རང་གཤིས་རྟོགས་གིན་འདུག”ཅེས་བསྒྱུར་ན་གོ་བདེ་བར་སྙམ། སྤྱིར་ལོ་ཙཱའི་རྩ་དོན་དང་བླང་བྱའང་འགྱུར་ཡིག་དེ་རང་སྐད་ལ་གོ་བདེ་བ་དེ་ཡིན་པས། མ་རྩོམ་གྱི་ནང་དོན་དང་དགོངས་པར་འགྱུར་བ་མ་བཏང་བའི་སྔོན་འགྲོའི་འོག་ཚིག་ཕྲེང་རེ་རེ་ཇི་བཞིན་དུ་ལོ་ཙཱ་བྱེད་དགོས་པ་མ་ཡིན་སྟབས། རང་གི་མིང་བརྡ་བཀོལ་བ་དང་གོ་བདེ་བ། ཀློག་བདེ་བ་ཞིག་བཟོ་རྒྱུ་ནི་གལ་ཆེའོ།།
གསུམ་པ། མཇུག་སྡོམ།
རྩོམ་རིག་གང་ཞིག་ལ་འཇུག་ཀྱང་དེའི་དགེ་མཚན་ལ་བློ་སྦྱོང་དང་བརྒྱུད་སྤེལ་གཏོང་རྒྱུ་དང་། དེའི་ཉེས་སྐྱོན་སྐོར་ནི་ཡོ་བསྲིང་དང་བསྒྱུར་བཅོས་གཏོང་རྒྱུ་ནི་རྩོམ་པ་པོ་ཞིག་གི་མ་མཐའི་བླང་བྱ་ཡིན་པར་སྙམ། འགྱུར་རྩོམ་ལེགས་པོ་ཞིག་གིས་ཀློག་པ་པོ་ལ་ཐ་སྙད་བཀོལ་སྟངས་དང་ཚིག་སྦྱོར་སྤེལ་སྟངས། རྒྱན་བཀོལ་སྟངས་སོགས་གང་ཅིའི་ཐད་ནས་བག་ཆགས་དང་ཤུགས་རྐྱེན་ཐེབས་ནས། དེར་སློབ་སྦྱོང་དང་ལད་མོ་བྱས་ཚེ་ལོ་ཙཱའི་བྱ་གཞག་གོང་དུ་འཕེལ་བར་ཕན་ལ། དེ་ལས་ལྡོག་སྟེ་བརྩམས་ཆོས་ལ་ཁ་ཕྱོགས་མེད་ཅིང་། རྩོམ་མཁན་ལ་ལོ་ཙཱའི་མཚན་ཉིད་དང་རྩ་དོན་མི་ལྡན་ཞིང་། ཀུན་སློང་རྣམ་དག་མེད་ཚེ། བརྩམས་ཆོས་དེ་ལྟ་བུས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་གཏོད་སྲིད་ཅིང་། མི་རིགས་རིག་གནས་དང་ལོ་ཙཱའི་བྱ་བཞག་འཕེལ་བར་འགོག་རྐྱེན་བཟོ་སྲིད་པས། བརྩམ་ཆོས་ཤིག་རྩོམ་པར་འཇུག་པ་ལ་ཐོག་མར་ཀུན་སློང་ཡང་དག་ཅིག་དང་། ལོ་ཙཱ་ལ་འཇུག་མཁན་ཤིག་ཡིན་ན་སྐད་ཆ་གཉིས་ལ་བྱང་ཆ་ཆེ་བ་ཤིག་མིན་ཚེ། རྡོ་ཆག་བཙན་སྒྲིག་དང་གཡག་ཞར་བས་རྩྭ་ཟོས་པ་ལྟར་དུ་འགྱུར་བས། དེ་ལ་བློ་དཀར་ཞིང་འབད་པས་རྩོམ་དགོས་སོ།།



