ངེད་གསར་འགྱུར་གྱི་གསར་བཀོད། ཉིན་བསྟུད་མར། རྒྱལ་ཡོངས་ཀྱི་ས་ཁུལ་མང་བོའི་དྲོད་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཀྱང་།སི་ཁྲོན་ནུབ་རྒྱུད་དུ་ཆགས་པའི་ཟུང་ཆུའི་གནའ་མཁར་གྱི་ཆ་སྙོམས་དྲོ་གྲང་ཏུའུ་20ཡས་མས་ཡིན།ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རྟའི་ཇ་ལམ་གྲོང་རྡལ་གྱི་བསིལ་དྲོད་ཀྱི་གནམ་གཤིས་དང་མི་ཆོས་ཀྱི་རིག་གནས་ནི།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་རྣམས་ཀྱི་ཚ་གཡོལ་གྱི་གནས་མཆོག་ཅིག་ཏུ་གྱུར།
ཟུང་ཆུའི་གནའ་མཁར་ནི་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་གི་ལུང་གཞུང་དུ་ཆགས་ཡོད་ཅིང་།ཕྱིའི་གྲོང་ཁྱེར་གྱི་དྲོ་གྲང་ཏུའུ་38ལ་སླེབས་དུས།གནས་འདིར་བསིལ་རླུང་དྲོན་མོ་གང་སར་ལྡང་བས་དབྱར་གྱི་ཕུན་ཚོགས་ལོངས་སུ་སྤྱོད་པའི་གནས་མཆོག་ཉམས་དགའ་བ་ཞིག་ཡིན་པས། ཕྱོགས་དང་ཕྱོགས་མཚམས་ཀྱི་ལྟ་སྐོར་བ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།ཁྲེང་ཏུའུ་གྲོང་ཁྱེར་ནས་ཕེབས་པའི་ལྟ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས་བཤད་རྒྱུར།ཁྲེང་ཏུའུ་ཡི་ཚ་བས་མནར་དྲགས་པས། ཟུང་ཆུ་རྫོང་དུ་སླེབས་པ་ན་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་དང་མཚུངས་ཤིང་།མཚན་མོ་ཉལ་བའི་སྐབས་སུ་ཉལ་ཐུལ་ཡང་འགེབས་དགོས།
གྲོང་རྡལ་འདི་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རྟའི་ཇ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ཆ་ནས།ཉེ་བའི་ལོ་ཤས་རིང་།ཟུང་ཆུ་རྫོང་གིས་མིང་རྒྱལ་རབས་དུས་ཀྱི་མཁར་གྱང་དང་ཆུ་རྡོ་སྔོན་པོ་གཅལ་དུ་བཀྲམ་པའི་སྲང་ལམ་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་རྨང་གཞིའི་སྟེང་།གནའ་མཁར་གྱི་བསྒྱུར་བཀོད་མཐོར་འདེགས་ཀྱི་བཟོ་སྐྲུན་གོ་རིམ་ལྡན་པའི་ངང་བསྒྲུབས་པས།སྲང་ལམ་གྱི་རྣམ་པ་ཡོངས་རྫོགས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན།ད་ལྟའི་ཆར།བོད་རིགས་དང་ཆའང་རིགས།རྒྱ་རིགས་དང་ཧའེ་རིགས་སོགས་མི་རིགས་མང་བོའི་ཁྱད་ཆོས་འཛོམས་ཤིང་།གནའ་བོའི་ལུགས་སྲོལ་དང་དེང་རབས་ཀྱི་ནུས་པ་གཉིས་ཆུ་ལ་ཆུ་བཞག་ལྟར་བྱས་ཡོད་པས།གནའ་མཁར་གྱི་སྤྱིའི་ཁོར་ཡུག་མངོན་གསལ་དོད་པོས་ཡར་རྒྱས་སུ་ཕྱིན།
ཉི་མ་ནུབ་རིའི་ཕབ་ཏུ་འཛུལ་བ་ན།ཟུང་ཆུའི་གནའ་མཁར་གྱི་ཕྱི་ནང་བར་གསུམ་དུ་གློག་འོད་ཆེམ་ཆེམ་བྱས་པ་དང་།གླུ་གར་བྲོ་གསུམ་གྱིས་གནའ་མཁར་གྱི་མཚན་ལྗོངས་ལ་གསོན་ཤུགས་གསར་བ་ཞིག་རྒྱས་པར་བྱས།ས་གནས་མང་ཚོགས་ཀྱིས་ལག་པའི་ནང་ལག་པ་བཞག་ནས་གླུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་སྟངས་སྟབས་གར་ལ་རོལ། ཁྲུང་ཆིང་ནས་ཕེབས་པའི་ལྟ་སྐོར་བ་ལྕམ་ལི་ལགས་ཀྱིས་ཡུལ་འདིའི་རང་བྱུང་གི་མཛེས་ལྗོངས་དང་གནའ་མཁར་གྱི་མི་ཆོས་རིག་གནས།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་བསྡུས་གཟུགས་གཅིག་ཏུ་གྲུབ་པས།སྣང་ཡུལ་གང་ལ་བལྟས་ཀྱང་ཐུན་མིན་རིག་གནས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས། ཞེས་དགའ་བའི་ཉམས་དང་བཅས་བཤད།
བསིལ་འཇམ་གྱི་གནམ་གཤིས་དང་ཐུན་མིན་གྱི་རིག་གནས་ལ་གཞི་བཅོལ་ནས།ཟུང་ཆུ་རྫོང་གིས་ཚ་གཡོལ་ཡུལ་སྐོར་དང་།གནའ་མཁར་ཡུལ་སྐོར།དམངས་སྲོལ་ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་ལམ་དུ་སྐྱོད་བཞིན་ཡོད་པས། མང་ཚོགས་ཀྱི་ཡོང་འབབ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད་དོ།།
(གསར་འགོད་པ་མགོན་པོ་བཀྲ་ཤིས།)



