ངེད་གསར་འགྱུར་གྱི་གསར་བཀོད། ཆའང་ལོའི་གུང་གསེང་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཅའོ་དབྱང་གིས་འབར་ཁམས་ནས་མི་བཞི་ཐད་གཉིས་ཀྱི་ཐབས་ལམ་ལ་བརྟེན་ནས། ཁུལ་མི་དམངས་སྨན་ཁང་དང་འབར་ཁམས་སློབ་འབྲིང་། ཧྭ་ཧྥུ་རྒྱལ་སྤྱིའི་གཞིས་ཁུལ་བཅས་སུ་ཕེབས་ཏེ་མེ་ཟོན་ལས་ཀར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་མཛད།
ཁུལ་མི་དམངས་སྨན་ཁང་ནས་ཅའོ་དབྱང་ནད་པའི་ཞག་སྡོད་ཐོག་ཁང་སོགས་སུ་ཕེབས་ཏེ་མེ་འགོག་སྒོ་དང་མཁོ་བསྟུན་ཉེན་གཡོལ་བགྲོད་ལམ་ལ་ཞིབ་མོར་གཟིགས། ཁོང་གིས་བསྟན་དོན། ཚེ་སྲོག་ཐར་ལམ་ནམ་ཡང་ཤར་གཏོང་ཁག་ཐེག་བྱ་དགོས་ཤིང་། ཐོག་ཁང་གི་སྐས་ལམ་ནི་ཐར་ལམ་གཙོ་བོ་ཡིན་པས་བཀག་རྒྱ་གཏན་ནས་མེད་པར་ངེས་པར་དུ་ནམ་ཡང་ཤར་གཏོང་གེགས་མེད་ཡིན་དགོས། ནད་གཡོག་གི་ཉལ་སའི་གནད་དོན་ཐག་གཅོད་འོས་འཚམ་བྱས། ནད་གཡོག་གི་སྡོད་གནས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་བགྲོད་ལམ་འགོག་མི་རུང་། མེ་འགོག་སྒོའི་དོ་དམ་གྱི་བླང་བྱ་ནན་གྱིས་དོན་འཁྱོལ་བྱེད་དགོས། འབར་ཁམས་སློབ་འབྲིང་ནས་ཅའོ་དབྱང་སློབ་མའི་སྡོད་ཤག་ཏུ་ཕེབས་ཏེ། སྡོད་ཤག་གི་སྒོ་ཆེན་དོ་དམ་དང་མེ་ཟོན་སྦུག་ཐག་སོགས་སྒྲིག་ཆས་ཀྱི་གནས་ཚུལ་ལ་ཞིབ་བཤེར་མཛད། ཁོང་གིས་བསྟན་དོན། སྡོད་ཤག་གི་བགྲོད་ལམ་ཚན་རིག་ལྟར་དོ་དམ་བྱེད་དགོས། སྒོ་ཆེན་ལ་ཟྭ་བརྒྱབ་པ་ཙམ་གྱིས་འགྲུབ་པར་མི་བྱེད་པར། རྣོ་ཁབ་ལེན་གྱི་སྒོ་སོགས་མཁོ་བསྟུན་གནས་ཚུལ་ལ་འཕྲད་ན་དུས་ཐོག་ཏུ་སྒོ་ཕྱེ་ཐུབ་པའི་ཐབས་ཤེས་སྤྱད་དེ། མེ་སྐྱོན་ཐོལ་བྱུང་སྐབས་སུ་སློབ་མ་རྣམས་མྱུར་བར་འབྲོ་ཐུབ་པར་ཁག་ཐེག་བྱ་དགོས། ཧྭ་ཧྥུ་རྒྱལ་སྤྱིའི་གཞིས་ཁུལ་ནས་ཅའོ་དབྱང་གིས་བསྟན་དོན། སྡོད་གནས་གཞིས་ཁུལ་གྱི་མེ་ཟོན་བདེ་འཇགས་ནན་གྱིས་དོ་དམ་བྱེད་པ་དང་། གཞིས་ལས་ཀྱི་གཞི་རིམ་དོ་དམ་གྱི་ཕན་ནུས་གང་ལེགས་སུ་བཏོན་ནས། ཉིན་རྒྱུན་སྐོར་ཞིབ་དང་དྲིལ་སྒྲོག་དྲན་སྐུལ་ལ་ཤུགས་སྣོན་དགོས།
ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རིག་འཛིན་ཚེ་རིང་དང་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་ཞུགས་ཡོད།



