ངེད་གསར་འགྱུར་གྱི་གསར་བཀོད། རྒྱལ་ཡོངས་ཀྱི་མེ་འགོག་དྲིལ་སྒྲོག་ཟླ་བའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཛོད་དགེ་རྫོང་གི་འབྲོག་ཁུལ་གྱི་ས་ཁོངས་ཁྱད་ཆོས་ལ་གཞིགས་ནས་གཞི་རིམ་གྱི་མེ་འགོག་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན་ཆེད། ཉེ་ཆར། མཛོད་དགེ་རྫོང་གིས“དམངས་ཡོངས་མེ་འགོག་ལ་ཞུགས། ཚེ་སྲོག་གོང་དུ་བཀུར། རང་འགོག་རང་སྐྱོབ་ནུས་པ་ཆེ་རུ་གཏོང”ཞེས་མེ་འགོག་དྲིལ་སྒྲོག་ཟླ་བ་མགོ་བཟུང་པའི་མཛད་སྒོ་སྤེལ། མེ་འགོག་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་གནོད་འགོག་ཉེན་གཡོལ་དང་རང་གཞན་སྐྱོབ་བཅོས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་།
བྱེད་སྒོ་སྤེལ་ཡུལ་དུ་མེ་གསོད་མི་སྣས་ཡུལ་དངོས་ནས་མེ་གསོད་སྒྲིག་ཆས་དང་ཡོ་བྱད་སྣ་ཚོགས་འགྲེམས་སྟོན་བྱས་ནས། སྒྲིག་ཆས་ཀྱི་བྱེད་ནུས་དང་སྤྱོད་སྒོ། བཀོལ་སྟངས། མེ་གསོད་ཡོ་བྱད་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པ་སོགས་གསལ་བཤད་བྱས། དགུན་དུས་མཁའ་རླུང་སྐམ་ལ་མེ་དང་གློག་སྤྱོད་ཐེངས་མང་བ། འབྲོག་ཁུལ་དུ་མར་མེ་སྤྱོད་པ་སོགས་ཀྱི་གནས་ཚུལ་དངོས་དང་འབྲེལ་ནས། ལས་དོན་མི་སྣས་རྩྭ་སའི་མེ་འགོག་དང་དམངས་གཞིས་མགྲོན་ཁང་གི་གནོད་རྐྱེན་རིམ་བཤེར། ཁྱིམ་ཚང་གི“གཙང་སེལ་གསུམ་དང་འགག་སྒོ་གསུམ”སོགས་སྒྲོག་འགྲེལ་བྱས། ཡུལ་དངོས་སུ་ད་དུང་མེ་འགོག་ཤེས་བྱའི་དྲི་བ་དྲིས་ལན་འགོད་པའི་བྱེད་སྒོ་སྤེལ། སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན་དང་དྲན་གསོའི་ལག་རྟགས་ཆུང་ངུ་སྤྲོད་པའི་བྱེད་ཐབས་བརྒྱུད་དེ་མང་ཚོགས་བྱེད་སྒོའི་ནང་ཞུགས་པར་སྐུལ་སློང་གང་ལེགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་མེ་འགོག་རྒྱུན་ཤེས་བློ་ལ་ངེས་པ་དང་ཉེན་གཡོལ་ནུས་པ་ཁོང་དུ་ཆུད་པ་བྱས་ནས་དྲིལ་སྒྲོག་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་།
བྱེད་སྒོ་དེ་སྡེ་ཁག་མང་པོ་མཐུན་སྦྱོར་སྒོས་སྤེལ་བ་དང་། རྫོང་མཁོ་བསྟུན་དང་ནགས་རྩྭ། ཁྲོམ་རའི་ལྟ་སྐུལ་དོ་དམ། སྡོད་འཛུགས། ཡོམ་འགོག་གནོད་སེལ་སོགས་ཀྱི་སྡེ་ཁག་དྲིལ་སྒྲོག་ལས་དོན་ལ་ཞུགས། བྱེད་སྒོར་ལས་དོན་མི་སྣས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་འགྲོ་འོང་མང་ཚོགས་ལ་མེ་འགོག་སྒྲོག་ཤོག་དང་ཁྱིམ་ཚང་གི་མེ་འགོག་གསལ་བྱང་བཀྲམ། དེ་མིན་དགུན་དུས་རྡོ་སོལ་འབུད་པ་དང་། གློག་ཆས་དང་འབར་རླངས་བེད་སྤྱོད་པ། འབྲོག་ཁུལ་གྱི་ཉིན་རྒྱུན་འཚོ་བའི་ཁྲོད་མེ་སྤྱོད་པ་སོགས་བདེ་འཇགས་ཀྱི་རྒྱུན་ཤེས་འགྲེལ་བཤད་ཞིབ་མོ་བྱས།
རྗེས་ཕྱོགས་སུ། མཛོད་དགེ་རྫོང་གིས་རྟག་ཏུ་ཡུལ་བབ་དང་བསྟུན་ནས་གནད་ལ་འཁེལ་བ་དང་ཡོངས་ཁྱབ་རང་བཞིན་གྱི་མེ་འགོག་དྲིལ་སྒྲོག་བྱེད་སྒོ་སྤེལ་བཞིན། རྒྱ་ཆེའི་མང་ཚོགས་ཀྱིས་རང་མོས་ངང་མེ་འགོག་ལ་དོ་ཁུར་དང་མེ་འགོག་ཤེས་བྱ་སློབ་སྦྱོང་བྱས་ཏེ། མེ་འགོག་ལས་དོན་ལ་ཧུར་ཐག་གིས་ཞུགས་པར་སྐུལ་ཁྲིད་བྱས་ནས། འབྲོག་ཁུལ་གྱི་དགུན་དུས་མེ་འགོག་བདེ་འཇགས་གནས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།
(འཕྲིན་སྤེལ་བ་བཀྲ་ཤིས་ལྷ་མོ།)



