ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་12ཉིན། ཁུལ་ཡོངས་ཀྱི་རྣམ་གྲངས་དམ་འཛིན་དང་མ་འཇོག་སྐུལ་འདེད་ཆེད་དོན་བརྙན་ལམ་གསོ་སྦྱོང་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཅའོ་དབྱང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱིས“རྣམ་གྲངས་དམ་འཛིན་དང་། མ་འཇོག་རྒྱ་སྐྱེད། འཕར་གནས་བརྟན་པོའི”བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་ཏུ་བསྟར་ནས། མུ་མཐུད་དུ“རྣམ་གྲངས་གཙིགས་སུ་འཛིན་པའི”ལས་ཀའི་ཕྱོགས་སྟོན་གསལ་བོར་འཛིན་པ་དང་། སྔར་བས་ལྷག་པའི་སྒོ་ནས་ཁ་ཕྱོགས་གསལ་སྟོན་དང་གཙོ་གནད་འབུར་ཐོན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་དང་གཅིག་སྡུད་གནད་སྒྲོལ་བྱས་ཏེ། ནུས་ཤུགས་ཡོད་སྒུས་རྣམ་གྲངས་དམ་འཛིན་བྱེད་པ་དང་རྣམ་གྲངས་ཆེན་པོ་བསྐྲུན་ཏེ། སྤུས་ཚད་མཐོན་པོའི་རྣམ་གྲངས་འཛུགས་སྐྲུན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱ་དགོས།
ཅའོ་དབྱང་གིས་བསྟན་དོན། རྣམ་གྲངས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གལ་ཆེན་ཞིག་ཡིན། རྫོང(གྲོང་ཁྱེར)སོ་སོ་དང་། སྡེ་ཁག་སོ་སོས“ཁ་ཡོད་ལག་ཡོད”ཀྱིས་གཙོ་གནད་རྣམ་གྲངས་རེ་རེ་བཞིན་ལག་བསྟར་དང་། ལེགས་པར་སྤྱོད་པ། གོ་ཆོད་པ་བཅས་བྱ་དགོས། འགྲིམ་འགྲུལ་དང་རིག་ཡུལ། དམའ་དབྱིངས་དཔལ་འབྱོར་རྣམ་གྲངས། ནུས་ཁུངས་གཙང་མ་དང་། གཏེར་ཁའི་ཐོན་ལས། རྩིས་ནུས་རྣམ་གྲངས། མཐོ་སྒང་ཁྱད་ལྡན་རོང་འབྲོག་ལས་རྣམ་གྲངས། སློབ་གསོ། སྨན་བཅོས། ལས་ཞུགས་རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་དམ་པོར་བཟུང་ནས། རྔ་བ་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རྣམ་གྲངས་འདེགས་སྐྱོར་གྱི་མ་ལག་བསྐྲུན་ཏེ། རྔ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་། སྤུས་སྤོར་འབྲས་སྤོར། སྒུལ་ཤུགས་གསོག་དགོས།
ཁུལ་གྱི་འགོ་ཁྲིད་ཧའོ་ཞིན་ཀོང་དང་། ཝང་ཧྲུའུ་མིང་། ཀྲུའུ་པང་ཝུན། ཁྲེན་ལེན་དབྱི། དབྱང་ལི། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རིག་འཛིན་ཚེ་རིང་བཅས་གྲོས་ཚོགས་སུ་ཕེབས་ཤིང་། རྫོང(གྲོང་ཁྱེར)སོ་སོའི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་གྲོས་ཚོགས་སུ་ཞུགས།



