数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

འཁྱམ་ཉུལ་ཁྲོད་ ཀྱི་དམ་བཅའ།

♦སྤྱང་བློ་ཤེར། 【རྔ་བ།】

དཔྱིད་ཟླ་ཟད་ལ་ཉེ་ནས་དབྱར་ཁའི་སྔོ་ལྗང་ལ་རོལ་མགོ་བརྩམས་པའི་ཉིན་ཞིག ཟླ་བའི་སེམས་སུ་གློ་བུར་ཨ་ཕའི་ཁ་ཆེམས་དེ་དྲན་བྱུང་། དེའི་རྗེས་སུ་ཁོའི་སེམས་སུ་བཟོད་གླགས་མེད་པའི་ན་ཟུག་ཆེན་པོ་ཞིག་སྐྱེས། རྒྱུ་མཚན་ཁོ་རང་ཨ་ཁུ་རྡོ་སྐྱབས་ཚང་གིས་ཕུད་དེ་འཁྱམ་ཉུལ་བྱས་ནས་ད་ལྟའི་བར་དུ་ཨ་ཕའི་ཁ་ཆེམས་དེ་བརྗེད་སོང་། ཁོའི་སྟེང་དུའང་སྡུག་བསྔལ་ཚད་མེད་པ་བྱུང་སྟེ་ལོ་ཟླ་མང་བོའི་རིང་འཁྱམ་ཉུལ་བྱས་ནས་མཐའ་མར་གནས་ཚང་ཞིག་རྙེད་ཐུབ་སྙམ། ཨ་ཕའི་ཁ་ཆེམས་དེ་དྲན་པ་དང་མཉམ་དུ་རང་བཀའ་དྲིན་ཆེ་བའི་ཨ་ནེ་དཔལ་མོ་ཚང་ནས་འགྲོ་དགོས་པ་དྲན། རྒྱུ་མཚན། ཁོའི་ཁ་ཆེམས་ཀྱི་དོན་དེ་གནས་ཚང་བཅའ་རྒྱུ་མ་ཡིན་པར་གནས་གཞན་ཞིག་ཏུ་འགྲོ་དགོས་པས་ཡིན། ཁོའི་སེམས་སུ་ད་ལྟ་ནས་མགྱོགས་པོར་མ་སོང་ན་ཁ་ཆེམས་དེ་གཏན་ནས་མངོན་འགྱུར་བྱ་མི་ཐུབ་སྙམ། ད་རུང་ལྷ་སྐྱིད་ཀྱི་ཕ་མ་གཉིས་ཀྱང་རྒས་ཡོད་པས་རྗེས་སུ་དེ་གཉིས་ཤི་ཚར་རྗེས་མོ་རང་གཅིག་པུར་བསྐྱུར་ནས་འགྲོ་དགོས་ན་ཧ་ཅང་དཀའ་མོ་ཡིན་སྟབས། ཟླ་བས་ཐེ་ཚོམ་ཅི་ཡང་མ་བྱས་པར་ཨ་ནེ་དཔལ་མོ་དང་ཨ་ཁུ་ཚེ་རིང་གཉིས་ལ་རང་གི་ཨ་ཕའི་ཁ་ཆེམས་ཀྱི་དོན་དེ་ཇི་མ་ཇི་བཞིན་དུ་བཤད། དེ་དུས་ཁོ་གཉིས་ཀྱི་སེམས་སུ་ལྷ་སྐྱིད་ཀྱི་ཚེ་རོགས་ཟླ་བ་བྱེད་བསམ་ནས་ཡུན་རིང་འགོར་ཡོད་ནའང་ཁ་ཆེམས་ཀྱི་དོན་དང་གཞི་ནས་འགལ་འདུག དེ་ནས་ཁོ་གཉིས་ལ་ཐབས་གཞན་གང་ཡང་མ་དྲན།

ཕྱི་ཉིན་ཟླ་བས་སྔོན་གྱི་རས་ལྭ་རྙིང་བ་དེ་མ་ཡིན་པའི་ལྭ་བ་གཙང་མ་ཞིག་གྱོན་ནས་ལམ་ལ་ཆས་མགོ་རྩོམ་དུས། ལྷ་སྐྱིད་ཀྱིས་དོན་དེ་དག་ཞིབ་མོར་གོ་རྗེས་མྱུར་དུ་བརྒྱུགས་ཡོང་སྟེ་ཟླ་བ་ལ་འབྱར་ཏེ་འདི་ལྟར་བཤད།“ཁྱོད་དེ་རིང་ནས་གནས་གཞན་ཞིག་ཏུ་འགྲོ་རན་སོང་། ཁྱོད་ཀྱི་ཁ་ཆེམས་ཀྱི་དོན་དེ་ངས་དང་ལེན་བྱེད་ཐུབ། འོན་ཀྱང་། ཁྱོད་གནས་འདི་དང་འབྲལ་དགོས་ནའང་འུ་གཉིས་ཀྱིས་ལོ་མང་རིང་སྐྱིད་སྡུག་མཉམ་གཤིབ་ཀྱི་འཚོ་བ་རོལ་མྱངས་བས། ཁྱོས་ང་ནུ་མོ་ཞིག་གི་ཚད་ལ་བཞག་ནས་རྗེས་ཕྱོགས་ཁྱོད་ལ་ཁོམ་དུས་ང་ལ་འཕྲད་དུ་འོང་རྒྱུ་ངའི་རེ་བ་ཉག་གཅིག་ཡིན”དེ་ལྟར་ངུ་ཤུམ་དང་བཅས་བཤད། ཟླ་བས་ཕྱིར་ལྷ་སྐྱིད་ལ“ངའི་ཨ་ཕའི་ཁ་ཆེམས་དེ་མངོན་འགྱུར་བྱུང་རྗེས། ང་ལ་ཁོམ་ལོང་ཡོད་པ་དང་བསྟུན་ནས་ཁྱོད་ལ་བལྟ་རུ་ཡོང་ནོ་ཁོ་ཐག་ཡིན”དེ་ལྟར་ངག་འཇམ་པོས་ཟེར་ཞོར་གནས་ཚང་དེ་དང་ཁ་བྲལ་ནས་བུད་སོང་།

ཟླ་བས་རང་གི་ཨ་ཕའི་ཁ་ཆེམས་དེ་སེམས་སུ་ཡིད་བཞིན་གྱི་ནོར་བུ་ལྟར་བཟུང་ནས་ཡུལ་ལུང་གཞན་ཞིག་ཏུ་འཁྱམས། ཟླ་བའི་ཀྱག་ཀྱོག་གི་འཚོ་བའི་བརྒྱུད་རིམ་དེ་ཤེས་རྗེས་མི་སུ་ཞིག་གི་སེམས་ལ་སྐྱོ་སྣང་མི་སྟེར་རམ། འོན་ཀྱང་། ཟླ་བ་གཞན་དང་མི་འདྲ་བའི་སྟག་ཤར་ཕོ་རྒོད་ཅིག་ཡིན་པས་ཨ་ཕའི་ཁ་ཆེམས་དེ་གཏན་དུ་མ་བརྗེད། དེས་ཀྱང་ཟླ་བའི་མི་གཤིས་ལ་འབྲེལ་བའི་སྙིང་སྟོབས་དང་དམ་བཅའི་རིན་ཐང་ཡོངས་སུ་མཚོན་ནུས་ཤིང་ཁོའི་འདས་ཟིན་པའི་སེམས་ཀྱི་ཕ་མ་གཉིས་ཀ་ཚད་ག་འདྲ་ཞིག་ལ་བཞག་ཡོད་པ་གསལ་བོར་རྟོགས་ཐུབ། ཟླ་བའི་ཁ་ཆེམས་དེ་རང་གི་སྒེར་དོན་གྱི་བདེ་བ་ཞིག་ལ་བརྗེ་མ་འདོད་པར་ཨ་ནེ་དཔལ་མོ་ཚང་ལ་ཁ་བྲལ་ཏེ་གྲོང་རྡལ་སོགས་མང་བོ་བརྒྱུད་ནས་མདོ་དགོན་གྱི་ཉེ་འདབས་སུ་ཐོན་བྱུང་། སྐབས་དེར་ཁོ་རང་ཐག་རིང་ནས་ཡོང་བས་ལྟོགས་དྲགས་ཏེ་ལྟོ་བའི་ནང་དུའང་ཁྲོག་ལྡིར་གྱི་སྒྲ་སྣ་ཚོགས་ཤིག་གྲགས། ཁོ་རང་གིས་ཐད་ཀར་ཐེ་ཚོམ་གང་ཡང་མ་བྱས་པར་མིག་ལམ་ན་གསལ་བོར་མཐོང་བའི་སྒྲོལ་མའི་ཟ་ཁང་དུ་འཛུལ། ཁོས་ཞབས་ཞུ་བ་ལ“སྟབས་བདེའི་ཕྱེ་ཐུག་ཅིག་བོས་བྱུང་”། རྒྱུ་མཚན་ཟླ་བ་ཨ་ནེ་དཔལ་མོ་ཚང་དུ་ཡོད་དུས་རྒྱུན་པར་ལྷ་སྐྱིད་ཀྱི་ལག་ཟས་ཕྱེ་ཐུག་འཐུང་བར་ཧ་ཅང་གོམས་ཡོད། སྐབས་དེར་ཁོའི་ལས་ངན་གྱི་སྨིན་འབྲས་ཡོངས་སུ་མཇུག་རྫོགས་པའི་དུས་ལ་ཐོན་པ་ལྟར་ཁོའི་ཉེ་འགྲམ་གྱི་སློབ་མ་གཉིས་ཀྱིས་ཨ་ཁུ་དགེ་འདུན་ཞེས་འབོད་པའི་གྲྭ་བ་ཞིག་གི་གནས་ཚུལ་བཤད་ཀྱིན་འདུག ཁོ་རང་ཡིད་ཆེས་དགོས་པ་ཞིག་ལ་སྔོན་གྱི་ཀློག་སློབ་པའི་ཨ་ཁུ་དགེ་འདུན་གྱི་གནས་ཚུལ་ལ་ཧ་ཅང་འདྲ། ཨ་ཁུ་དགེ་འདུན་ཁོའི་ཕ་མ་གཉིས་མ་ཤི་གོང་ནས་ཡུལ་གཞན་ལ་སློབ་གཉེར་དུ་བུད་སོང་། དེའི་ཕྱིར་ཁོས་ཨ་ཁུ་དགེ་འདུན་ཨེ་ཡིན་བསམ་སྟེ་སློབ་མ་དེ་གཉིས་ལ“ད་སྔོན་ཁྱེད་གཉིས་ཀྱིས་གླེང་གིན་ཡོད་པའི་ཨ་ཁུ་དགེ་འདུན་ཟེར་བའི་གྲྭ་ཤག་གི་སྒོ་ཨང་དེ་ཅི་ཡིན་ཨེ་ཤེས”དེ་ལྟར་ཅུང་ནན་ཏན་གྱིས་དྲིས་བྱུང་། དེ་གཉིས་ལས་ཅུང་ལོ་ན་ཆེ་བའི་སློབ་མ་དེས“ཨ་ཁུ་དགེ་འདུན་གྱི་མདུན་དུ་ང་སྔོན་ཆད་དཔེ་ཁྲིད་ལ་འགྲོ་མྱངས། དེ་ཕལ་ཆེལ་སྒོ་ཨང་36དེ་ཡིན་ཐལ”ཟེར་བྱུང་། དེ་དུས་ཟླ་བའི་སེམས་སུ་དོགས་སྣང་ཞིག་ཤར་ཏེ་མདོ་དགོན་ཕྱོགས་སུ་སོང་ཞིང་མདོ་དགོན་ནི་དགོན་པ་ཆེན་པོ་ཞིག་མིན་པས་ཟླ་བས་སྒོ་ཨང་36དུས་ཚོད་མང་བོ་འགོར་མ་དགོས་པར་རྙེད་ཅིང་ཁོའི་རས་ལྷམ་དེ་ཕྱི་སྒོའི་འགྲམ་དུ་ཕུད་དེ་ནང་དུ་སོང་།

ཤུག་པས་བཟོས་པའི་ཁང་བའི་ནང་དུ་བཙུན་པ་ཆུང་ཆུང་ཞིག་གིས་དཔེ་ཆ་ཀློག་གིན་ཡོད། ཅུང་མ་འགོར་བ་ཨ་ཁུ་རྒན་པ་ཞིག་གིས་དཔེ་ཆ་མཐུག་པོ་ཞིག་འཁྱེར་ནས་ཤག་ཏུ་ཐོན་རྗེས་ངག་འཇམ་པོས་ཟླ་བའི་མིང་གི་བོས་བྱུང་། སྐབས་དེར་ཟླ་བ་རྨི་ལམ་ལས་སད་པ་བཞིན་ཅི་ཡིན་ཆ་མ་འཚལ་བ་དགའ་སྣང་ཆེན་པོ་ཞིག་སྐྱེས་ཏེ་ཨ་ཁུ་དགེ་འདུན་གྱི་གཟན་ཤམ་ངོས་ལ་འབྱར་ནས་རང་དབང་མེད་པར་ངུས་བྱུང་། དེ་ནས་ཟླ་བས་ཨ་ཁུ་དགེ་འདུན་ལ་དྲིན་ཆེན་ཕ་མ་གཉིས་ཀ་འདས་ནས་ད་ལྟའི་བར་གྱི་རང་གི་གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད། ད་རུང་གཏན་དུ་བརྗེད་མེད་པའི་ཨ་ཕའི་ཁ་ཆེམས་དེའང་དྲང་མོར་བཤད་རྗེས། ཨ་ཁུ་དགེ་འདུན་གྱིས་སེམས་སྐྱོ་བའི་ངང་ཟླ་བ་ལ“ཁྱོད་ཀྱིས་ངོ་མ་འུ་གཉིས་ཁ་བྲལ་རྗེས་སྡུག་མང་བོར་མྱངས་ཟིན། དེ་ཡང་སྔོན་གྱི་བུ་ལོན་རེ་ཡིན་སྲིད། དེའི་ཕྱིར་ཁྱོད་ཀྱི་སེམས་མ་ཕམ། ལྷག་པར་ཁྱོད་ཀྱིས་ཁ་ཆེམས་མངོན་འགྱུར་གྱི་ཕྱིར་དུ་སྙིང་སྟོབས་དེ་འདྲ་ཞིག་བསྐྱེད་པ་ལ་དངོས་གནས་རྗེས་སུ་ཡི་རངས་ཡོད་ལགས།”དེ་ལྟར་སྐྱོ་སྣང་དང་བཅས་ཟླ་བ་ལ་བཤད། སྐད་ཆ་དེ་དག་ཟླ་བའི་རྣ་བའི་ཡུལ་དུ་གོ་རྗེས་སེམས་ཀྱི་སྐྱོ་སྣང་ཡོད་ཚད་འཇའ་ཡལ་བ་བཞིན་ཅི་ཡིན་ཆ་མ་འཚལ་བར་རྨང་ནས་འཇགས་སོང་།

ཨ་ཁུ་དགེ་འདུན་ནི་དངོས་གནས་བྱམས་སེམས་དང་སྙིང་རྗེས་ཕྱུག་པའི་དགེ་སློང་རྣམ་དག་ཅིག་ཡིན་པས། ཟླ་བའང་ཨ་ཁུ་དགེ་འདུན་ལ་འཕྲད་པ་ནས་བཟུང་སྔོན་གྱི་ཟླ་བ་མ་ཡིན་པར་སེམས་ཀྱི་ཆགས་སྡང་སོགས་ཡོངས་སུ་ཞི་སྟེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་སྐྱེས་བུ་ཞིག་ཏུ་འགྱུར་མགོ་ཚུགས། (རྫོགས་སོ།།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 ♦སྤྱང་བློ་ཤེར། 【རྔ་བ།】 4 4 阿坝日报藏文 c106726.html 1 འཁྱམ་ཉུལ་ཁྲོད་ ཀྱི་དམ་བཅའ། /enpproperty-->